གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་ངོ་བཅུ་ཕྲག་ཅིག་ནང་ གཅན་གཟན་ཚུ་གིས་ སྒོ་ནོར་ཡོངས་བསྡོམས་༢༡༠༨ དེ་ཅིག་བསད་ཡོདཔ།

༡༠/༨/༢༠༡༢   ༉ སོ་ནམ་དང་ ནགས་ཚལ་ལྷན་ཁག་གིས་ སྤྱི་ལོ་༢༠༠༢ ལས་ སྤྱི་ལོ་༢༠༡༢ ཀྱི་ ལོ་ངོ་བཅུ་ཕྲག་ཅིག་གི་རིང་ལུ་ གཅན་གཟན་ཚུ་གིས་ སྒོ་ནོར་ལུ་ གནོདཔ་བཀལ་བའི་སྙན་ཞུའི་གནས་ཐོ་ གསལ་བཏོན་འབད་ཡོད་མི་དང་འཁྲིལཝ་ད་ གཅན་གཟན་སྟག་དང་གཟིག་ དེ་ལས་ དོམ་དང་ གངས་གཟིག་ཚུ་གིས་ འདས་པའི་ལོ་༡༠ དེ་ཅིག་གི་ནང་འཁོད་ལུ་ སྒོ་ནོར་ཡོངས་བསྡོམས་༢༡༠༨ དེ་ཅིག་ བསད་ཡོད་པའི་ གནས་ཐོ་ཡོདཔ་ཨིན་པས།


དེ་ཡང་ གཅན་གཟན་སྟག་གིས་ འདས་པའི་ལོ་༡༠ གི་ནང་འཁོད་ལུ་ སྒོ་ནོར་༦༢༥ དེ་ཅིག་ བསད་ནུག།
གཅན་གཟན་སྟག་གིས་ བསད་ཡོད་པའི་ སྒོ་ནོར་སེམས་ཅན་ཚུ་གི་གྲས་ལས་ གྱངས་ཁ་མཐོ་ཤོས་ར་ གླང་༣༠༡ དང་ བ་༡༩༠ རྟ་༧༠ གཡག་༢༨ དེ་བཟུམ་སྦེ་ རྟིའུ་ཅུང་༤༡ ར་༧ བོང་ཀུ་༧ དེ་ལས་ བོའུ་ཅུང་༡༤ རྟ་དྲེལ་༡༤ ལུག་༤ དེ་ཅིག་ བསད་ཡོད་པའི་སྙན་ཞུ་ཚུ་ རི་དྭགས་སྲུང་སྐྱོབ་སྡེ་ཚན་ནང་ ཐོ་བཀོད་འབད་ཡོདཔ་ཨིན་པས།
གནས་ཐོ་དེ་དང་འཁྲིལཝ་ད་ སེམས་ཅན་སྟག་གིས་ ལོ་བསྟར་བཞིན་དུ་ སྤྱི་སྙོམས་ལུ་ སྒོ་ནོར་སེམས་ཅན་༦༣ དེ་རེ་ བསད་དོ་ཡོདཔ་ད་ སྟག་གིས་བསད་མི་ སྒོ་ནོར་གྱི་གྱངས་ཁ་མཐོ་ཤོས་ར་ སྤྱི་ལོ་༢༠༠༥ ལུ་ གླང་༧༨ དེ་ཅིག་བསད་པའི་ སྙན་ཞུ་ལྷོད་མི་འདི་ཨིན་པས།
སྤྱིར་བཏང་གངས་གཟིག་ཚུ་ ལ་མཐོ་ས་སྡོད་མི་གཅན་གཟན་ཅིག་ཨིན་རུང་ འདས་པའི་ལོ་༡༠ དེ་ཅིག་གི་ནང་འཁོད་ལུ་ སྒོ་ནོར་ཡོངས་བསྡོམས་༧༠ དེ་ཅིག་ བསད་ཡོད་པའི་ ཐོ་བཀོད་འབད་བའི་ཁར་ གངས་གཟིག་ཚུ་གིས་ སྒོ་ནོར་སེམས་ཅན་མཐོ་ཤོས་ར་ གཡག་༤༧ དེ་ཅིག་བསད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྟ་དྲེལ་༡༠ དང་རྟ་༨ བོའུ་ཅུང་༢ གླང་༡ བ་༡ བོང་ཀུ་༡ བསད་ཡོདཔ་བཞིན་དུ་ གངས་གཟིག་གིས་ མང་ཆེ་ཤོས་ར་ གཡག་ལུ་གནོདཔ་བཀལ་དོ་ཡོད་པའི་ མངོན་གསལ་བྱུང་མི་དེ་ཡང་ སྤྱི་ལོ་༢༠༡༡ ལུ་གཡག་༡༥ བསད་པའི་ཁར་ སྤྱི་ལོ་༢༠༠༤ ལུ་གཡག་༨ དང་ སྤྱི་ལོ་༢༠༠༥ ལུ་༩ སྤྱི་ལོ་༢༠༠༦ ལུ་གཡག་༥ བསད་ཡོདཔ་མ་ཚད་ དུས་ཅི་གཡག་༡༠ བསད་ཡོད་པའི་ སྙན་ཞུ་ཚུ་ ལྷོད་ཅི་ཟེར་ཨིན་པས།
གཅན་གཟན་དེ་ཚུ་གི་གྲས་ལས་ སྒོ་ནོར་ལུ་གནོདཔ་བཀལ་མི་ མཐོ་ཤོས་ར་གཟིག་ཨིན་པའི་ མངོན་གསལ་བྱུང་མི་དེ་ཡང་ འདས་པའི་ལོ་ངོ་༡༠ དེ་ཅིག་གི་ནང་འཁོད་ལུ་ གཟིག་གིས་ སྒོ་ནོར་མཐོ་ཤོས་ར་ རྟ་༣༥༨ དང་གླང་༧༥ བོའུ་ཅུང་༡༨༢ བ་༣༠༤ བོང་ཀུ་༦ རྟིའུ་ཅུང་༣༤ ར་༧ དང་ལུག་གི་ཕྱུག་གུ་༢ ལུག་༡༣༥ དྲེལ་༩༣ གཡག་༤༦ དེ་ཅིག་འབདཝ་ད་ ད་ཚུན་གྱི་རིང་ སྒོ་ནོར་བསྡོམས་༡༢༤༢ དེ་ཅིག་ བསད་ནུག་ཟེར་ཨིན་པས།
དོམ་གྱིས་སྒོ་ནོར་ལུ་ གནོདཔ་བཀལ་ཡོད་པའི་ གནས་ཐོ་དང་འཁྲིལཝ་ད་ སྒོ་ནོར་ཡོངས་བསྡོམས་༡༧༡ དེ་ཅིག་བསད་ཡོདཔ་ད་ དེ་ཡང་ གླང་༢༣ བོའུ་ཅུང་༡༡ བ་༣༠ རྟིའུ་ཅུང་༣ རྟ་༡༡ ལུག་༥༥ གཡག་༣༨ བསད་ནུག་ཟེར་ཨིན་པས།
ཐོ་བཀོད་དེ་ཚུ་ མི་སེར་གྱིས་ ནགས་ཚལ་འགོ་དཔོན་ཚུ་བརྒྱུད་དེ་ རི་དྭགས་སྲུང་སྐྱོབ་ཡིག་ཚང་ལུ་ སྙན་ཞུ་འབད་དེ་ ཐོ་བཀོད་འབད་ཡོད་མི་ཚུ་ཨིན་རུང་ ད་རུང་ ལེ་ཤ་ཅིག་ སྙན་ཞུ་མ་འབད་བར་ ལུས་མི་ཡང་འོང་ནི་ཨིནམ་ལས་ གྱངས་ཁ་ཡར་སེང་འགྱོ་ནི་གི་འོས་འབབ་ཡོད་ཟེར་ རི་དྭགས་སྲུང་སྐྱོབ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
སྙན་ཞུ་འབད་ཡོད་མི་ ཉམས་རྒུད་བྱུང་མི་ སོ་ནམ་པ་ཚུ་ལུ་ ད་ཚུན་གྱི་རིང་ རྒུད་འཐུས་ཐོབ་མི་དང་ གཞུང་གི་མ་དངུལ་ལས་ དངུལ་ཀྲམ་ས་ཡ་༧ ལྷགཔ་ཅིག་ སྤྲོད་ནུག་ཟེར་ཨིནམ་ད་ ད་རུང་ དངུལ་ཀྲམ་༨༠༠,༠༠༠ ལྷགཔ་ཅིག་གི་ རྒུད་འཐུས་ཚུ་ སྤྲོད་དགོཔ་སྦེ་ལུས་ཏེ་ཡོད་ཟེར་ སྙན་ཞུའི་ནང་བཀོད་ནུག།
རི་དྭགས་སྲུང་སྐྱོབ་སྡེ་ཚན་གྱི་ འགོ་དཔོན་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ ཉམས་རྒུདཔ་ཚུ་ལུ་ རྒུད་འཐུས་སྒོ་ནོར་གྱི་ རིན་གོང་དང་འཁྲིལ་ སྤྲོད་མ་ཚུགས་མི་དེ་ གཙོ་བོ་ར་ མ་དངུལ་གྱི་དཀའ་ངལ་ལུ་བརྟེན་ཨིན་རུང་ མ་དངུལ་གྱི་ཐབས་ཤེས་ཚུ་ བཏོན་དོ་ཟེར་ཨིནམ་ད་ འཕྲལ་ཁམས་ཅིག་ཁར་ འབྲུག་གཞུང་ལས་ རྒུད་འཐུས་ཀྱི་དོན་ལུ་ མ་དངུལ་ལྷན་ཐབས་ དངུལ་ཀྲམ་༥༠༠,༠༠༠ དེ་ཅིག་ ཐོབ་ཅི་ཟེར་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment