གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤར་ཕྱོགས་རྫོང་ཁག་ནང་ གེ་ཟ་སྲིབ་ཀྱི་ཚོང་འབྲེལ་ ལེགས་ཤོམ་བྱུང་དོ་ཡོདཔ།

༡༤/༨/༢༠༡༢   ༉ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལོ་ཐོག་གཙོ་ཅན་ཅིག་ཨིན་མི་ གེ་ཟ་དེ་ ཧེ་མ་འབད་བ་ཅིན་ ཁ་རང་ལྟོ་བཟའ་ནིའི་དོན་ལུ་དང་ ཆང་བཙོ་འཐུང་ནིའི་དོན་ལུ་རྐྱངམ་གཅིག་ལག་ལེན་འཐབ་སྡོད་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ དངུལ་གྱི་འོང་འབབ་བཟོ་མི་གཙོ་ཅན་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ གེ་ཟའི་སྲིབ་ལུ་བརྟེན་ཨིན་པས།

སྒང་སྒོ་ལས་ལ་ལུ་ གེ་ཟའི་སྲིབ་བཙོང་སྡོད་མི་ སོ་ནམ་པ་ཚུ།

ཤར་ཕྱོགས་རྫོང་ཁག་ཚུ་གི་གྲས་ལས་ མོང་སྒར་རྫོང་ཁག་གི་ གཡུས་སྒོ་ལ་ལུ་ཅིག་ནང་ ད་ལྟོའི་བར་ན་ཡང་ ལྕང་ལཱ་རྐྱབ་ནིའི་ལཱ་ མཇུག་བསྡུ་མ་ཚུགས་པ་ཡོད་རུང་ སོ་ནམ་པ་མང་ཤོས་ཅིག་གིས་ གེ་ཟའི་སྲིབ་གསརཔ་གི་འོང་འབབ་ལུ་བརྟེན་ ལྕང་ལཱ་རྐྱབ་ནིའི་དལ་ཁོམ་མེད་པར་སྡོད་པའི་སྐབས་ལུ་ཡང་ གཞུང་ལམ་གྱི་མཐའམ་བདའ་སྟེ་དང་ ཁྲོམ་ཁར་ག་ཐོབ་རྐྱབ་སྟེ་ སྲིབ་བཙོང་པ་འོང་སར་མཐོངམ་ཨིན་པས།
དེ་ཡང་ འདས་པའི་ཟླཝ་༡ དེ་ཅིག་གི་ཧེ་མ་ལས་ ཐོན་ནི་འགོ་བཙུགས་མི་ གེ་ཟའི་སྲིབ་གསརཔ་གིས་ ད་རེས་ནངས་པ་ མོང་སྒར་ཁྲོམ་ཁར་འབད་བ་ཅིན་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༧༠ དང་༡༠༠ གི་བར་ན་ཐོབ་ཚུགས་དོ་ཡོདཔ་ད་ འགོ་ཐོག་ཐོན་པའི་སྐབས་ལུ་ གོང་ཚད་དངུལ་ཀྲམ་༢༠༠ རེ་སྦེ་ བཙོང་མི་གིས་ གོང་ཚད་དམའ་ཤོས་དངུལ་ཀྲམ་༥༠ ལུ་ མར་འབབ་མ་འགྱོ་ཚུན་ རྩ་འགེངས་ཏེ་བཙོང་ཐོག་ལས་ དངུལ་གྱི་འོང་འབབ་བཟོ་དོ་ཡོདཔ་ཨིན་པས།
ཆ་གླིང་རྒེད་འོག་གི་ མི་སེར་ཚུ་གིས་འབད་བ་ཅིན་ དྲོ་པའི་ཆུ་ཚོད་༦ དེ་ཅིག་ལས་ འགོ་བཙུགས་ ཕྱི་རུའི་ཆུ་ཚོད་༥ ཚུན་ ལྷུན་རྩེ་དང་ མོང་སྒར་གྱི་ གཞུང་ལམ་རྒྱ་གྲམ་ ས་གནས་སྒང་སྒོ་ལ་ལུ་ ཉིན་བསྟར་ མི་སེར་ཚོང་པ་༥༠ དང་༦༠ གི་བར་ན་ འཛོམས་སར་མཐོང་མི་དེ་ཡང་ ད་རེས་ནངས་པ་ གེ་ཟའི་སྲིབ་གསརཔ་དེ་ ག་དེ་ཅིག་ཡོད་རུང་ བཙོང་མ་ཚུགས་པའི་དཀའ་ངལ་མེད་མི་ལུ་བརྟེན་ཨིན་མས་ཟེར་ སླབ་ཨིན་པས།
གཞུང་ལམ་ཁར་ ཉིན་བསྟར་བཞིན་དུ་ གེ་ཟའི་སྲིབ་བཙོང་པར་འོང་མི་ སྐྱེས་ལོ་༤༠ ཞེ་གྲངས་ནང་འབད་མི་ ལྷ་མོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ གེ་ཟ་དེ་ ཐོན་སྐྱེད་ག་དེ་ཅིག་ལེགས་རུང་ ཁ་རང་དང་ ཆང་བཙོ་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ལས་ འདས་པའི་ལོ་དག་པ་ཅིག་ལས་ཚུར་ གཡུས་ཚན་དེ་ནང་ སྲིབ་བརྡུང་ནིའི་འཕྲུལ་ཆས་བཙུགས་ཞིནམ་ལས་ དངུལ་གྱི་འོང་འབབ་བཟོ་མི་ཅིག་ལུ་ གྱུར་སོ་ཡི་ཟེར་ཨིན་པས།
མོ་གིས་ ལོ་བསྟར་བཞིན་དུ་ གེ་ཟའི་སྲིབ་ལུ་བརྟེན་ དངུལ་གྱི་འོང་འབབ་ཉུང་ཤོས་ དངུལ་ཀྲམ་༥༠,༠༠༠ དེ་རེ་ བཟོ་ཚུགས་མི་གིས་ བཟའ་ཚང་འཚོ་སྐྱོང་འཐབ་ནི་དང་ ཨ་ལུ་ཚུ་ སློབ་གྲྭ་ནང་བཏང་ནིའི་དོན་ལུ་ ཟད་འགྲོ་ལངམ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༣༠ ལང་མི་ བསོད་ནམས་ཀྱིས་ཡང་ ད་རེས་ནངས་པ་ ལཱ་ཕྱམ་ཕྱིམ་ག་དེ་ཅིག་ཡོད་རུང་ གེ་ཟའི་སྲིབ་བཙོང་ནི་ལུ་ར་ རྩ་འགེངས་མི་དེ་ ཁོ་རའི་ ཞིང་ཨེ་ཀར་༥ དེ་ཅིག་ནང་བཏབ་ཡོད་མི་གེ་ཟ་དེ་སྲིབ་བརྡུང་སྟེ་ བཙོང་ཐོག་ལས་ དངུལ་གྱི་འོང་འབབ་བཟོ་ཚུགས་འཐབ་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་ ན་ཧིང་ གེ་ཟའི་སྲིབ་ལུ་བརྟེན་ དངུལ་ཀྲམ་༤༠,༠༠༠ དེ་ཅིག་ ཐོབ་ཚུགས་ཅི་ཟེར་ཨིནམ་ད་ དུས་ཅི་ཡང་ གོང་ཚད་ལེགས་ཤོམ་ཐོབ་དོ་ཡོདཔ་ལས་ འོང་འབབ་དངུལ་ཀྲམ་༥༠,༠༠༠ དེ་ཅིག་ འཐོབ་ཚུགས་པའི་རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ ཁོ་གིས་ ཉིན་བསྟར་བཞིན་དུ་ ཉུང་ཤོས་དངུལ་ཀྲམ་༣༠༠༠ དེ་རེ་ ཐོབ་ཚུགས་པས་ཟེར་ཨིན་པས།
མི་མང་ཤོས་ཅིག་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ས་གནས་ཁར་ ཉིན་བསྟར་བཞིན་དུ་ གེ་ཟ་སྲིབ་བཙོང་པ་འགྱོ་ནི་ལུ་ དུས་ཚོད་ཐོབ་མི་ཚུགསཔ་ལས་ སང་ཕོད་ལས་ ཐིམ་ཕུ་ལུ་འབག་འོང་ནིའི་རེ་བ་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ འབྲེལ་ཡོད་ལྷན་ཁག་གིས་ སྣུམ་འཁོར་གྱི་རྒྱབ་སྐྱོར་གནང་པ་ཅིན་ མི་སེར་ཚུ་ལུ་ ཕན་གྲོགས་སྦོམ་འབྱུང་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།
 

No comments:

Post a Comment