གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡུས་ཚན་༤ ནང་ བླམ་ཆོསཔ་མེད་པའི་དཀའ་ངལ།

༉ དབང་འདུས་ཕོ་བྲང་རྫོང་ཁག་ ཨ་ཐང་རྒེད་འོག་གི་ས་གནས་ མཐའ་ཟུར་ཅིག་ཨིན་མི་ རུ་ཁ་དང་ གླ་བ་ ལམ་དགའ་ དེ་ལས་ གསང་ཐང་གཡུས་ཚན་ཚུ་གི་ མི་སེར་ཚུ་ སའི་བཀོད་པ་ལུ་བརྟེན་ དཀའ་སྡུག་མྱོང་དོ་ཡོདཔ་མ་ཚད་ གཡུས་ཚན་ནང་ བླམ་ཆོསཔ་མེད་པའི་ དཀའ་ངལ་ཡང་ བྱུང་དོ་ཡོདཔ་ཨིན་པས།
གཡུས་ཚན་དེ་ཚུའི་ནང་ བསྡོམས་ཀྱིས་ ཁྱིམ་གུང་པ་༧༠ ལྷགཔ་ཅིག་ཡོདཔ་ཨིན་པས།

རུ་ཁ་གཡུས་ཚན་ནང་ གསར་བསྒྲུབས་འབད་མི་ལྷ་ཁང་།
བླམ་ཆོསཔ་མེད་པའི་ དཀའ་ངལ་བྱུང་མི་ རུ་ཁ་གཡུས་ཚན་གྱི་མཐོང་སྣང་།

བཟའ་ཚང་ནང་མི་ཅིག་ གྱོངས་སོ་པ་ཅིན་ ཟད་འགྲོ་སྦོམ་ གནས་དོ་ཡོད་མི་དེ་ཡང་ གཡུས་ཚན་སྒོ་ཚུ་ནང་ ཐ་ན་ མི་ཤི་བླམ་ཅིག་ར་ མེད་པ་ལུ་བརྟེན་ ཕུངམ་མེ་སྦྱང་འབད་ནིའི་དོན་ལུ་ དབང་འདུས་ཕོ་བྲང་དང་ ཡང་ཅིན་ རྩི་རང་གི་ དུར་ཁྲོད་ཚུ་ནང་ བསྐྱལ་དགོཔ་ཨིན་པས།
གཡུས་ཚན་ཚུ་གི་གྲས་ལས་ ཁྱིམ་གུང་༢༠ དེ་ཅིག་ཡོད་མི་ རུ་ཁ་གཡུས་ཚན་དེ་ ཐག་རིང་ཤོས་ཅིག་ཨིནམ་ད་ གཡུས་ཚན་དེ་ཁ་ལས་ དབང་འདུས་ཕོ་བྲང་དང་ རྩི་རང་གཞུང་ལམ་ཁར་ ས་གནས་སྟག་ཤ་ཟམ་ཚུན་ ལྷོད་ནི་ལུ་ དུས་ཡུན་ཆུ་ཚོད་༦ དེ་ཅིག་ འགོར་དོ་ཡོདཔ་ད་ ཁུར་ཆ་འབག་ནི་ཡོད་པ་ཅིན་ དེ་བ་ཡུན་རིངམོ་སྦེ་ འགོར་དོ་ཡོདཔ་ད་ ད་རུང་ གཞུང་ལམ་ཁར་ལྷོདཔ་ད་ སྣུམ་འཁོར་ཚུ་ མཁོ་མངགས་འབད་དེ་ འགྱོ་དགོཔ་ཨིན་པས།
རུ་ཁ་ལས་ ཨ་ཐང་རྒཔོ་བགྲེསཔ་ ཆོས་སྐྱིད་ལ་གིས་ བཤད་མིའི་ནང་ གཡུས་ཚན་ཚུ་ནང་ མི་ཤི་བླམ་མེདཔ་ལས་ གཤིན་གསོན་གྱི་ དགེ་རྩ་བསྒྲུབ་ནི་ལུ་ ཟད་འགྲོ་སྦོམ་སྦེ་ར་ གནསཔ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་གནས་ཀྱི་ མི་སེར་མང་ཤོས་ཅིག་ དབུལ་ཕོངས་ཀྱི་ གནས་ཚད་འོག་ལུ་ སྡོད་ནི་དེ་གིས་ གལ་སྲིད་ བཟའ་ཚང་གི་ ནང་མི་ཅིག་ གྱོངས་སོ་པ་ཅིན་ སྒོ་ནོར་སེམས་ཅན་༢ དང་༣ དེ་ཅིག་བཙོང་སྟེ་ ཟད་འགྲོ་གཏང་དགོ་ཟེར་ སླབ་ཨིན་པས།
དེ་མ་ཚད་ མི་རོ་ཟེརཝ་ད་ གླ་འཁོར་ཚུ་གིས་ཡང་ འཇམ་ཏོང་ཏོ་སྦེ་ འབག་མ་བཏུབ་པའི་ཁར་ ཐ་ན་ འབག་ནི་ལུ་ ཁ་བཟེད་རུང་ གླ་ཐེབས་ལེནམ་མས་ཟེར་ གཡུས་ཚན་དེ་ནང་ལས་ སྐྱེས་ལོ་༦༠ འབད་མི་ བཟངམོ་གིས་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ གཡུས་ཚན་གྱི་ཉེ་འདབས་ལུ་ ཆོསཔ་ཚུ་ཡང་མེདཔ་ལས་ ས་གནས་གཞན་ཚུ་དང་ཕྱདཔ་ད་ ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ཡང་ དཀོན་སུ་ཅིག་ལས་ འགོ་འདྲེན་འཐབ་ནི་མེདཔ་ཨིན་པས།
བླམ་ཆོསཔ་ཚུ་ཡང་ དབང་འདུས་དང་ རྩི་རང་གི་ རབ་སྡེ་གྲྭ་ཚང་ཚུ་ལས་ དཀའ་སྤྱད་དེ་ ཞུ་དགོཔ་ཨིན་པས།
གཡུས་ཚན་ཚུ་ནང་ ལྷ་ཁང་རེ་གཉིས་ཡོད་མི་ཚུ་ནང་ཡང་ དྲོ་པ་ཕྱི་རུ་ མཆོདཔ་དང་དཀར་མེ་ཚུ་ ཕུལ་ནིའི་དོན་ལུ་ ཉེ་འདབས་ལས་ དཀོན་གཉེར་རེ་ བཏོན་ཏེ་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ གཡུས་ཚན་ནང་ མི་ཤི་བླམ་ ལེགས་ཤོམ་ཅིག་ འཐོབ་ཚུགས་པའི་རེ་བ་བསྐྱེད་རུང་ རྩ་ལས་ར་ ཐོབ་མ་ཚུགས་མི་ལུ་བརྟེན་ བློ་ཕམ་བྱུང་སྟེ་ ཡོད་ཟེར་ཨིན་པས།
གཡུས་སྒོའི་ མི་ཤི་བླམ་ཅིག་ ཐོབ་པའི་རེ་འདོད་བསྐྱེད་མི་ཚུ་གི་གྲས་ལས་ གཅིག་ སྐྱེས་ལོ་༦༨ ལང་མི་ རུ་ཁ་གཡུས་ཚན་ནང་ལས་ སངས་རྒྱས་འཕྲིན་ལས་དེ་ཨིནམ་ད་ ཁོ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཁོ་ར་ ལོ་ན་རྒས་ཏེ་ ཤི་རན་ཁར་ལྷོདཔ་ལས་ མ་ཤི་བའི་ཧེ་མར་ མི་ཤི་བླམ་ཅིག་ ཐོབ་ཚུགས་པའི་ སྨོན་ལམ་བཏབ་བཞིན་དུ་ ཡོད་ཟེར་ཨིན་པས།
རུ་ཁ་གཡུས་ཚན་གྱི་དོན་ལུ་ ཏཱ་ར་ཡ་ན་གཞི་ཚོགས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ལྷ་ཁང་གསརཔ་ཅིག་ བཞེངས་ཡོད་མི་དེ་ སྒྲུབ་རན་ཁར་ལྷོད་ཡོདཔ་ད་ དེ་ནང་ བླམ་ཅིག་བྱོན་ཚུགས་པའི་ སྨོན་ལམ་ཡང་ཡང་བཏབ་དོ་ཟེར་་ སངས་རྒྱས་འཕྲིན་ལས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

རུ་ཁ་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment