གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཀོན་མཆོག་གསུམ་ལྷ་ཁང་ ལོག་གསར་བཞེངས་ཀྱི་ ས་བསླང་རྟེན་འབྲེལ།

༢/༨/༢༠༡༢    ལོ་༥ ནང་ ལྷ་ཁང་ཕྱི་སྒྲུབ་ནང་སྒྲུབ་འབད་ཚུགས་པའི་ རེ་བ་ཡོདཔ།

༉ ལོ་ངོ་ཕྱེད་དང་གསུམ་ལྷགཔ་ཅིག་གི་ཧེ་མར་ མེ་མཆོད་བཞེས་མི་ བུམ་ཐང་དཀོན་མཆོག་གསུམ་གྱི་ ལྷ་ཁང་དེ་ ལོག་གསར་བཞེངས་འབད་ནིའི་དོན་ལུ་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ ས་བསླང་རྟེན་འབྲེལ་ནང་ འབྲེལ་གཏོགས་གནང་ཡི།
ཁ་ཙ་ བུམ་ཐང་དཀོན་མཆོག་གསུམ་ལྷ་ཁང་ གསར་བཞེངས་ཀྱི་ ས་བསླང་རྟེན་འབྲེལ་ གནང་པའི་བསྒང་།


ས་བསླང་གི་ རྟེན་འབྲེལ་དང་འབྲེལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལྷ་ཁང་རྙིངམ་གི་ ས་ཁོངས་ནང་ ས་བཅུད་འབུམ་གཏེར་ཅིག་ཡང་ བཙུགས་གནང་ཡི།
དཀོན་མཆོག་གསུམ་ལྷ་ཁང་དེ་ སྤྱི་ལོ་༢༠༡༠ གྱི་ ཟླཝ་༢ པའི་ཚེས་༢༤ དང་ རང་ལུགས་གནམ་ལོ་ཆུ་ཕོ་སྟག་ལོ་ ཟླ་དང་པའི་ཚེས་༡༠ གྱི་ ཉིན་མའི་ཆུ་ཚོད་༣ དང་སྐར་མ་༣༠ དེ་ཅིག་ཁར་ མེ་མཆོད་བཞེས་ཏེ་ ཉམས་སྐྱོན་བྱུང་ཡོདཔ་ད་ མེ་རྐྱེན་དེ་ཡང་ ལྷ་ཁང་ནང་ན་ དཀར་མེ་ཅིག་ ས་ཁར་བུད་འགྱོ་བའི་སྐབས་ སྒོ་སྒྲིག་གི་ ཡོལ་ལེ་གུ་ མེ་ཟུན་མི་ལུ་བརྟེན་ བྱུང་ཡོདཔ་ཨིན་པས།
དེ་བསྒང་ ལྷ་ཁང་གི་ དཀོན་གཉེར་དེ་ དགེ་སློང་གཞན་ཚུ་དང་གཅིག་ཁར་ གཏམ་ཞིང་གྲྭ་ཚང་ནང་ ལོ་བསྟར་གྱི་ དུས་མཆོད་འབུམ་སྡེ་བཟུང་པར་ སོང་ཡོདཔ་ད་ ལྷ་ཁང་གསར་བཞེངས་ལས་འགུལ་གྱི་ ལྟ་རྟོག་པ་ གཏམ་ཞིང་གྲྭ་ཚང་གི་ སློབ་དཔོན་ཀརྨ་གིས་ སླབ་མིའི་ནང་ ལྷ་ཁང་མེ་མཆོད་བཞེསཔ་ད་ གླ་འཁོར་དེད་གཡོགཔ་ཅིག་དང་ དགེ་སློང་ཅིག་གིས་ ལྷ་ཁང་གི་ ནང་རྟེན་གཙོ་བོ་ དུས་གསུམ་སངས་རྒྱས་ཀྱི་ སྐུ་འདྲ་ཚུ་ ཉེན་སྐྱོབ་འབད་ཚུགས་ནུག་ཟེར་ཨིན་པས།
དེ་མ་ཚད་ མེ་རྐྱེན་ནང་ ནང་རྟེན་གཞན་ཚུ་ལུ་ ཉམས་སྐྱོན་སྦོམ་མ་བྱུང་པས།
མ་གཞི་ ལྷ་ཁང་ལོག་གསར་བཞེངས་ཀྱི་ལཱ་དེ་ མེ་མཆོད་བཞེས་པའི་ཤུལ་ལུ་ འགོ་བཙུགས་དགོཔ་ཅིག་ཨིན་རུང་ མ་དངུལ་མེད་པའི་ཁར་ ས་ཁོངས་དེ་ནང་ ལྷ་ཁང་གསར་བཞེངས་དང་གཅིག་ཁར་ མཆོད་ཁང་དང་ དགེ་སློང་ཚུ་གི་ གྲྭ་ཤག་རྐྱབ་ནིའི་དོན་ལུ་ གཞུང་ལས་ གནང་བ་མ་ཐོབ་པར་ ཐོགས་ལུས་སོ་ཡི་ཟེར་ གཏམ་ཞིང་གྲྭ་ཚང་དང་གཅིག་ཁར་ དཀོན་མཆོག་གསུམ་ལྷ་ཁང་ཡང་ བདག་འཛིན་འཐབ་གནང་མི་ ལྷ་ལུང་གསུང་སྤྲུལ་རིན་པོ་ཆེ་གིས་ གསུངསམ་ཨིན་པས།
ཨིན་རུང་ འཕྲལ་ཁམས་ཅིག་ཁར་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་གིས་ གནང་བ་གནང་ཡོདཔ་མ་ཚད་ ལཱ་འགོ་བཙུགས་ཀྱི་ མ་དངུལ་ས་ཡ་༡ ལྷོད་མི་དང་བསྟུན་ ད་རེས་ ས་བསླང་གི་ རྟེན་འབྲེལ་བརྩི་སྲུང་འབདཝ་ཨིན་ཟེར་ མོང་སྒར་དགྲ་མེད་རྩེ་གྲྭ་ཚང་གི་ འགོ་འཛིན་ཡང་ཨིན་མི་ གསུང་སྤྲུལ་རིན་པོ་ཆེ་གིས་ གསུངས་ཡི།
སློབ་དཔོན་ཀརྨ་གིས་འབད་བ་ཅིན་ མེ་མཆོད་བཞེས་མི་ ལྷ་ཁང་གི་ གཞི་འགྱམ་དང་ གྱང་རྩིག་གུ་ལུ་ར་ གསར་བཞེངས་འབད་ནི་ཨིནམ་མ་ཚད་ ལྷ་ཁང་གི་ཕྱི་ལས་ མཆོད་ཁང་ཅིག་ཡང་ བཞེངས་ནི་ཨིན་ཟེར་ཨིནམ་ད་ དེ་གི་དོན་ལུ་ མ་དངུལ་ས་ཡ་༡༣༥ དེ་ཅིག་ ཟད་འགྲོ་གནས་ནི་ཨིན་པའི་ སྔོན་རྩིས་བཏོན་ཡོདཔ་བཞིན་དུ་ ལྷ་ཁང་དེ་ཡང་ ལོ་༥ འི་ནང་འཁོད་ལུ་ ཡོངས་རྫོགས་བསྒྲུབ་ཚུགས་པའི་ རེ་བ་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
བུམ་ཐང་ལུང་གཤོང་ནང་ ལྷ་ཁང་རྩ་ཅན་དང་ རྙིང་ཤོས་ཅིག་སྦེ་ བརྩི་འཇོག་འབད་མི་ དཀོན་མཆོག་གསུམ་ལྷ་ཁང་དེ་ དུས་རབས་༩ པའི་སྔ་ཆ་ལུ་ གུ་རུ་རིན་པོ་ཆེའི་ ལུང་བསྟན་དང་འཁྲིལ་ བོད་ཀྱི་རྒྱལ་པོ་ ཁྲི་སྲོང་ལྡེའུ་བཙན་གྱིས་ བཞེངས་གནང་ཡོདཔ་ད་ དེ་བསྒང་ ལྷ་ཁང་གི་ ཐོག་ཚད་ཡང་༣ སྦེ་ ཡོདཔ་ཨིན་པས།
རྒྱལཔོ་ཁྲི་སྲོང་ལྡེའུ་བཙན་གྱིས་ ཁོ་གི་སྐུ་ཚབ་སྦེ་ ལྷ་ཁང་བཞེངས་མི་ བོད་ཡར་ལུང་ལས་ སྦ་མི་ཁྲི་ཞེར་ཟེར་མི་ བུམ་ཐང་ལུ་ བཏང་ཡོདཔ་བཞིན་དུ་ གུ་རུ་རིན་པོ་ཆེ་ཡང་ ས་ཁོངས་ནང་བྱོན་ཏེ་ ས་བསླང་གི་ རྟེན་འབྲེལ་དང་ ལྷ་ཁང་གི་ བཟོ་དབྱིབས་ལ་སོགས་པའི་ ཞལ་བཀོད་མཛད་དེ་ གཙུག་ལག་ཁང་ རྟེན་དང་བརྟེན་པ་བཅས་ བཞེངས་གནང་པ་གིས་མ་ཚད་ རབ་གནས་ཡང་ མཛད་གནང་ནུག།
པདྨ་བཀའ་ཐང་ལས་ བུམ་ཐང་རྩེ་ལུང་རྗེ་གཏེར་སེམས་ཕྱོགས་སྦས༔ ཞེས་དང་། བུམ་ཐང་རྩེ་ལུང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་བོན་པོ་དྲག་རྩལ་ཞེས་བྱ་འབྱུང་༔ ཞེས་གསུངས་དོ་བཟུམ་སྦེ་ ལྷ་ཁང་དེ་གི་མིང་ རྩེ་ལུང་ལྷ་ཁང་ཟེར་དང་ པད་གླིང་རྣམ་ཐར་ནང་ ཆོས་འཁོར་ལྷ་ཁང་ དེ་ལས་ ཡོངས་གྲགས་ལུ་ དཀོན་མཆོག་གསུམ་ལྷ་ཁང་ཟེར་ ཞུཝ་ཨིན་པས།
ད་རུང་ ངག་རྒྱུན་དང་འཁྲིལཝ་ད་ ནང་རྟེན་དུས་གསུམ་སངས་རྒྱས་ཀྱི་ སྐུ་འདྲ་ཚུ་ ཀུར་སྟོད་སྐུ་གསུམ་འཕེལ་ཟེར་ས་ལས་ གཏམ་ཞིང་ལུ་ འཕུར་བྱོན་ཡོདཔ་སྦེ་ ཆ་བཞགཔ་ཨིན་པས།
ད་རུང་ ལྷ་ཁང་གི་ ནང་རྟེན་ཅིག་ མཆོད་དྲིལ་སྦོམ་ཅིག་ ཆག་མི་དེ་ཨིནམ་ད་ དེ་ཡང་ ངག་རྒྱུན་དང་འཁྲིལཝ་ད་ མཆོད་དྲིལ་དེ་ གུ་རུ་རིན་པོ་ཆེ་གིས་ རྩེ་ལུང་ལྷ་ཁང་བཞེངས་ནིའི་དོན་ལུ་ ས་བསླང་གནངམ་ད་ མཚོ་སྨནམ་ཅིག་གིས་ ཕུལ་ནུག་ཟེར་ཨིན་པས།
མ་གཞི་ གནས་ཡིག་ནང་ གསལ་བཀོད་འབད་འབདཝ་མེད་རུང་ ངག་རྒྱུན་དང་འཁྲིལ་བ་ཅིན་ མཆོད་དྲིལ་དེ་ གཏམ་ཞིང་ལས་བརྡུངསམ་ད་ དེ་གི་སྒྲ་སྐད་ བོད་ལྷ་ས་ལུ་ཡང་ གོ་ནི་དེ་གིས་ བོདཔ་ཚུ་ མིག་ཏོ་ཚ་སྟེ་ བུམ་ཐང་ལུ་ འོང་ཞིནམ་ལས་ མཆོད་དྲིལ་འཕྱོག་འབག་སྦེ་ བོད་ལུ་ལོག་འགྱོཝ་ད་ ལ་ལུང་བརྒལ་ཏེ་ འབག་མ་ཚུགས་པར་ བཅག་དཀྲུམས་བཏང་ནུག་ཟེར་ཨིན་པས།
ལྷ་ཁང་དེ་ ཉམས་སྐྱོན་ཤོར་སོཔ་ལས་ སྤྱི་ལོ་༡༤༧༩ ལུ་ ལྷ་ཁང་ཉམས་གསོ་ཞུ་ནི་གི་ ལུང་བསྟན་ཡོད་མི་དང་འཁྲིལ་ གཏེར་སྟོན་པདྨ་གླིང་པ་གིས་ ཉམས་གསོ་ཞུ་ཡོད་རུང་ དེ་བསྒང་ལས་ ལྷ་ཁང་ཆུང་སུ་ཅིག་ལུ་ གྱུར་ཡོད་པའི་ ལོ་རྒྱུས་འདུག།
ལོ་ངོ་༡༢ ཀྱི་ཧེ་མར་ ལྷ་ཁང་དེ་ གཏམ་ཞིང་གི་ ཁྱིམ་གུང་༢༠ དེ་ཅིག་གིས་ བདག་འཛིན་འཐབ་སྟེ་ཡོད་རུང་ འབད་མ་ཚུགས་པར་ གསུང་སྤྲུལ་རིན་པོ་ཆེ་ལུ་ ཕུལ་བའི་ཤུལ་ལས་ སྤྱི་ལོ་༢༠༠༨ ལས་ གཏམ་ཞིང་བཤད་གྲྭའི་ ཡན་ལག་བཤད་གྲྭ་ཅིག་ འགོ་བཙུགས་གནང་སྟེ་ ད་རེས་ནངས་པ་ དགེ་ཕྲུག་༥༠ དང་ མཁན་པོ་༢ ཡོདཔ་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment