དེ་ཡང་ འགོ་ཐོག་ལུ་ ཐིམ་ཕུ་ཁྲིམས་འདུན་ལས་ སྤྱི་ལོ་༢༠༡༢ ཟླ་༤ པའི་ཚེས་༢༣ ལུ་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་འཛུགས་ཅན་ བསོད་ནམས་བསྟན་འཛིན་ལུ་ ཟླཝ་༢ དང་ གཞན་མི་ཆ་རོགས་ ཉི་མ་རྟ་མགྲིན་ དེ་ལས་ བསོད་ནམས་སྟོབས་རྒྱས་བཀྲིས་༢ ལུ་ ཟླཝ་༡ བཙོན་ཁྲིམས་བཀལ་ཡོདཔ་མ་ཚད་ ཉམས་རྒུདཔ་ལུ་ ཁོང་༣ གྱིས་ རྒུད་འཐུས་དངུལ་ཀྲམ་༢༥༠,༠༠༠ སྤྲོད་དགོཔ་ཨིན་པས།
ཁོང་རེ་རེ་ལས་ རྒུད་འཐུས་དངུལ་ཀྲམ་༨༨,༣༣༤ བཏབ་དགོཔ་ལས་ བསོད་ནམས་སྟོབས་རྒྱས་བཀྲིས་དང་ ཉི་མ་རྟ་མགྲིན་༢ ཀྱིས་ ཚང་འགྲིགས་བཏབ་ཡོདཔ་ཨིན་པས།
འཁྲུན་ཆོད་དེ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ངོ་ཚབ་ཨྱོན་ལྷ་མོ་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་ཡོདཔ་ད་ རྩོད་ཟླ་བསོད་ནམས་བསྟན་འཛིན་གྱིས་ འཐབ་འཛིང་འབད་བའི་སྐབས་ ཤེལ་དམ་གྱིས་ གསོབ་བྱིན་པའི་གནད་ལས་ ཉམས་རྒུད་པའི་ལུས་རྟེན་ལུ་ གནོད་འཚེ་སྦོམ་བཀལ་ནུག་ཟེར་ཨིན་པས།
དེ་ཡང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ ཉམས་རྒུད་པའི་མིག་ཏོ་ གཡོན་ཁ་ཐུག་ལུ་ རྨ་སྐྱོན་བྱུང་མི་དེ་ གཤག་བཅོས་འབད་ཡོདཔ་མ་ཚད་ རྒྱ་གར་ཀཱོལ་ཀོ་ཊ་ལུ་ སྨན་བཅོས་འབད་བར་འགྱོ་དགོ་པའི་ སྒྲུབ་བྱེད་བཏོན་ཡོདཔ་ཨིན་པས།
རྩོད་ཟླ་བསོད་ནམས་བསྟན་འཛིན་གྱིས་ ཆེ་མཐོ་ཁྲིམས་འདུན་ལུ་ ཞུ་མི་དང་འཁྲིལཝ་ད་ ཐོག་མའི་ཁྲིམས་འདུན་ལས་ འཁྲུན་ཆོད་གནང་བའི་ཉིནམ་ལས་ ཞག་གྲངས་༡༠ ལྷག་སོ་རུང་ མཐོ་གཏུགས་ཞུ་མི་དེ་ དབྱེ་ཞིབ་མཛད་དགོ་ཟེར་ ཞུ་ནུག།
ཆེ་མཐོ་ཁྲིམས་ཁྲི་༢ པ་ལས་ བསྐྱར་ཞིབ་མཛད་པའི་སྐབས་ སྤྱི་ལོ་༢༠༡༡ ཟླ་༡༢ པའི་ཚེས་༣༡ གི་ནུབ་མོ་ རྩོད་ཟླ་བསོད་ནམས་བསྟན་འཛིན་དེ་ ཁོ་རའི་ ཆ་རོགས་ཚུ་དང་གཅིག་ཁར་ གནམ་ལོ་གསར་ཚེས་ཀྱི་ སྤྲོ་སྟོན་ནང་ འགྱོ་བའི་སྐབས་ ཉམས་རྒུདཔ་བསོད་ནམས་བསྟན་འཛིན་དང་ ཆ་རོགས་ཚུ་ སྤྲོ་སྟོན་མཇུག་བསྡུ་སྟེ་ ཐིམ་ཕུ་བང་ལ་དེཤ་གི་ གཞུང་ཚབ་ལས་ཁང་གི་ སྦོ་ལོགས་ཁར་ལྷོདཔ་ད་ དོན་དག་ག་ནི་ཡང་མེད་པར་ རྩོད་ཟླ་དང་ ཆ་རོགས་ཚུ་གིས་ ཁ་བསྡོམས་ཏེ་ བརྡུང་རྫོབ་འབད་ཡོདཔ་ཨིན་པས།
དེ་བསྒང་ ཉེས་འཛུགས་ཅན་ བསོད་ནམས་བསྟན་འཛིན་གྱིས་ ཤེལ་དམ་འཐུ་སྟེ་ ཉམས་རྒུད་པའི་ མིག་ཏོག་གུ་གསོབ་སྟེ་ རྨ་བཏོན་ཁྲག་བཏོན་འབད་ཡོདཔ་ ངེས་བདེན་བྱུང་ཡོདཔ་ལས་ ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་དེ་ ཆ་ཤས་ཅིག་ བསྒྱུར་བཅོས་འབད་དེ་ ལོ་༢ བཙོན་ཁྲིམས་སྨིན་དགོཔ་ཨིན་རུང་ རྒུད་འཐུས་དེ་ རྩ་ཕན་བར་ན་ འདུམ་འགྲིགས་བྱུང་ཡོདཔ་ལས་ བསྟར་སྤྱོད་འབད་དགོ་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱིས་ སྤྱི་ཟླ་༧ པའི་ཚེས་༣༠ ལུ་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་ཅན་བསོད་ནམས་བསྟན་འཛིན་གྱིས་ ཉམས་རྒུདཔ་བསོད་ནམས་བསྟན་འཛིན་ལུ་ དྲག་ཤུགས་ཐོག་ལས་ ཤེལ་དམ་བླུགས་བྱིན་པའི་གནད་ལས་ མིག་ཏོ་གཡོན་ཁ་ལུ་ གནོད་འཚེ་ཚབས་ཆེན་བྱུང་ཡོདཔ་ལས་ ཐོག་མའི་ཁྲིམས་འདུན་ལས་ ཟླ་ངོ་༢ བཙོན་ཁྲིམས་སྨིན་མི་དེ་ མཇུག་བསྡུ་སྟེ་ ལྷག་ལུས་ལོ་༡ དང་ཟླ་༡༠ སྨིན་དགོ་པའི་ ཁྲིམས་འཐུས་དངུལ་ཀྲམ་༦༦,༠༠༠ པོ་དེ་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ བཏབ་དགོ་མི་དེ་ བཏབ་མ་ཚུགས་པ་ཅིན་ བཙོན་ཁྲིམས་ལོ་༡ དང་ ཟླཝ་༡༠ སྨིན་དགོཔ་ཨིན་པས།
སྐྱེས་ལོ་༢༠ ལང་མི་སློབ་ཕྲུག་ ཉེས་ཅན་བསོད་ནམས་བསྟན་འཛིན་དེ་ དབང་འདུས་ཕོ་བྲང་ འཕང་ཡུལ་རྒེད་འགོ་ དགོན་ཁ་ལས་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment