གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༩ དང་ གཞན་མི་ཅིག་ལུ་ ཟླཝ་༡༡ ལྷགཔ་ཅིག་བཀལ་ཡོདཔ།

༣/༡༠/༢༠༡༢   ༉ དབང་འདུས་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༩ པའི་ཚེས་༢༨ ལུ་ སྐྱེས་ལོ་༣༠ ལང་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ་ད་ དེ་ཡང་ དྭངས་ཆུ་རྒེད་འོག་ གཡུས་སུ་ནང་ལས་ཨིན་མི་ ཉེས་ཅན་དེ་གིས་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༢༨ ལུ་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་ལུ་ གྱི་གསོབ་སྟེ་ དམར་བསད་འབད་མི་ལུ་བརྟེན་ཨིན་པས།


དེ་མ་ཚད་ ཁོ་གིས་ ཉམས་རྒུད་པའི་ཕམ་ལུ་ གྱོང་རྒུད་ཀྱི་འཐུས་ ལོ་༡༠ གྱི་རིང་ རྒྱལ་ཡོངས་ལས་མིའི་གླ་ཆ་ཐོག་ རྩིས་ཕབ་པའི་སྐབས་ དངུལ་ཀྲམ་༣,༦༠,༠༠༠ ཕོག་མི་ལས་ ཁྲིམས་འདུན་གྱིས་ བརྒྱ་ཆ་༣༥ མར་ཕབ་འབད་དེ་ དངུལ་ཀྲམ་༡,༢༦,༠༠༠ སྤྲོད་དགོ་པའི་ བཀའ་རྒྱ་བཏོན་པའི་ཁར་ ཚེ་འདས་ཀྱི་ཕུངམ་ བསྡུ་མི་དང་ དགེ་རྩ་ཞག་གྲངས་༤༩ ཚུན་ བསྒྲུབས་མིའི་ཟད་འགྲོ་ དངུལ་ཀྲམ་༣༤,༣༠༠ བསྡོམས་ཏེ་ དངུལ་ཀྲམ་༡,༦༠,༣༠༠ བཀལ་ཡོདཔ་ཨིན་པས།
གལ་སྲིད་ རྒུད་འཐུས་དེ་ འཁྲུན་ཆོད་བཏོན་ཏེ་ ཉིནམ་༡༠ གྱི་ནང་འཁོད་ལུ་ བཏབ་མ་ཚུགས་པ་ཅིན་ བཙོན་ཁྲིམས་འབག་དགོ་ཟེར་ཁྲིམས་འདུན་གྱི་ འགོ་དཔོན་ཅིག་གིས་ སླབ་ཡོདཔ་ད་ བཙོན་ཁྲིམས་དེ་ ཉིནམ་རེ་ལུ་ བཙོན་འཐུས་དངུལ་ཀྲམ་༡༠༠ རེ་ བཀལ་མི་ལས་ རྩིས་ཕབ་སྟེ་བཀལ་ནི་ཨིན་པས།
དུས་ཅི་ སྤྱི་ཟླ་༢ པའི་ཚེས་༢༨ ཀྱི་ཕྱི་རུ་ ཉེས་ཅན་དེ་གིས་ སྐྱེས་ལོ་༢༦ ལང་མི་ ཉམས་རྒུད་པ་ལུ་ མིག་སེར་ལྟ་སྟེ་ ཕོཝ་ནང་ གྱི་ཅུང་གསོབ་བྱིན་པའི་ཤུལ་ལས་ དབང་འདུས་རྫོང་ཁག་སྨན་ཁང་བརྒྱུད་དེ་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་བའི་ཤུལ་ལས་ ཤི་ཡོདཔ་ད་ ཚེ་འདས་དེ་ གླ་འཁོར་བཏང་མི་ཅིག་ཨིན་པས།
ཁྲིམས་ཀྱི་འདུན་ས་ལས་ བདེན་རྫུན་གྱི་དབྱེ་དཔྱད་ བཤེར་བཅུད་དང་འཁྲིལ་བ་ཅིན་ ཉེས་ཅན་དང་ ཁོ་རའི་ གནས་ཚང་གི་བར་ན་ ཧེ་མ་ལས་ མ་འགྲིགས་པར་ཡོདཔ་ལས་ དེ་ཚེ་ ཚེ་འདས་དེ་ གཡུས་ཁའི་འཛོམས་འདུ་ལས་ ལོག་ཁྱིམ་ནང་འགྱོ་བའི་སྐབས་ ཉེས་ཅན་གྱི་ གནས་ཚང་གིས་ ཉམས་རྒུདཔ་ལུ་ ཕོབ་སྦྱིས་ཁ་ལས་ ཀེ་བའི་སོན་ ལེན་པར་འགྱོ་གེ་ཟེར་ སླབ་པའི་སྐབས་ ཁོ་ར་ མི་ཁོམ་པས་ཟེར་སླབ་རུང་ ཉན་མ་བཏུབ་ལས་ ཁོ་གིས་ ཁྱིམ་ནང་སོང་ཞིནམ་ལས་ ལོག་འོང་གེ་ཟེར་སླབ་ནུག།
དེ་ལས་ ཚེ་འདས་དེ་ གོ་སོར་ཏེ་ གླ་འཁོར་བཏང་འོངམ་ད་ མོ་གིས་ ཁྱིམ་ནང་ལྟོ་བཟའ་དོ་ བསྒུག་སྡོད་ཟེར་ སླབ་ནི་དེ་གིས་ ཁྱིམ་ནང་ བལྟ་བར་འགྱོཝ་ད་ ཉེས་ཅན་རྨགཔ་གིས་ འཐབམོ་འཚོལ་ཏེ་ ཁ་ཤགས་རྐྱབ་སྡོད་པའི་བར་ན་ གྱི་ཅུང་བཏོན་ཏེ་ གསོབ་བྱིན་ཡོདཔ་ད་ ཚེ་འདས་དང་ ཉེས་ཅན་དེ་ ཁྱིམ་ཚང་ཨིན་པས།
ད་རུང་ ཁྲིམས་འདུན་གྱིས་ ཉིནམ་དེ་ལུ་ སྐྱེས་ལོ་༣༣ ལང་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ཟླཝ་༡༡ དང་ ཉིན་གྲངས་༣༣ བཀལ་ཡོདཔ་ད་ དེ་ཡང་ ཉེས་ཅན་གྱིས་ དུས་ཅི་ སྤྱི་ཟླ་༨ པའི་ཚེས་༡༣ ལུ་ གླ་འཁོར་ཅིག་གི་ གདོང་དང་རྒྱབ་ཁའི་ཤེལ་ཚུ་ བཅག་དཀྲུམས་བཏང་པའི་ ཉེས་འཛུགས་ལུ་བརྟེན་ཨིན་པས།
ཉེས་ཅན་དེ་ དབང་འདུས་ཀློང་སྨད་ལས་ཨིནམ་ད་ ཁོ་གིས་ གནོད་སེམས་ཀྱི་ཐོག་ལས་ གཞན་གྱི་རྒྱུ་དངོས་ མེདཔ་བཏང་བའི་གནད་དོན་ཐོག་ལུ་ ཉེས་ཁྲིམས་བཀལ་ཡོད་རུང་ བཙོན་འཐུས་དངུལ་ཀྲམ་༣༣,༣༠༠ བཏབ་ཆོག་ནི་ཨིན་པས།
གལ་སྲིད་ བཙོན་འཐུས་དེ་ འཁྲུན་ཆོད་བཏོན་ཏེ་ ཉིནམ་༡༠ གྱི་ནང་འཁོད་ལུ་ བཏབ་མ་ཚུགས་པ་ཅིན་ བཙོན་ཁྲིམས་སྨིན་དགོ་ནི་ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment