གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀེ་བ་རུལ་མི་ཚུ་ ཆར་ཆུ་ལུ་བརྟེན་ཨིན་ན?

༦/༡༠/༢༠༡༢   ༉ དུས་ཅི་ ཆར་ཆུ་འབོལ་དྲགས་མི་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་དང་ པདྨ་དགའ་ཚལ་རྫོང་ཁག་གཉིས་ནང་ ཀེ་བའི་ཐོན་སྐྱེད་མར་བབས་སོང་ཡོདཔ་ཨིན་པས།
ཀེ་བ་འཛུགས་སྐྱོང་འབད་མི་ གྲོང་གསེབ་མི་སེར་ཚུ་གིས་ སླབ་མིའི་ནང་ ཀེ་བ་ཚུ་ རྐོ་ཚར་ཏེ་ བསམ་གྲུབ་ལྗོངས་མཁར་ རིན་བསྡུར་ཚོང་སྒྱུར་ཁང་ནང་ སྐྱེལ་འདྲེན་མ་འབད་བའི་ཧེ་མར་ ཀེ་བ་ཚུ་འབོར་ཆེ་ཏོག་ཏོ་སྦེ་ རུལ་སོཔ་ལས་ གྱོང་རྒུད་ཕོག་ཅི་ཟེར་ཨིན་པས།

སོ་ནམ་ཞིང་པ་ཅིག་གི་ ཁྱིམ་གྱི་སྦོ་ལོགས་ཁར་ ཀེ་བ་རུལ་མི་ཚུ་ ས་ཁར་བརྡལ་བཞག་བཞགཔ།


ཀེ་བ་ རུལ་མི་དེ་ཡང་ སྤྱི་ཟླ་༥ པ་དང་༦ པའི་ནང་ ཀེ་བ་བརྐོ་བའི་ དུས་ཚོད་སྐབས་ ཆརཔ་ཚད་ལས་བརྒལ་ རྐྱབ་ནི་དེ་གིས་ཨིནམ་འོང་ནི་མས་ཟེར་ སོ་ནམ་ཞིང་པ་ཚུ་གིས་ བཤད་ཡོདཔ་ད་ སྤྱི་ཟླ་༦ པ་དང་༧ པའི་ཟླ་ཕྱེད་ལས་རྐྱངམ་གཅིག་ བསམ་གྲུབ་ལྗོངས་མཁར་རིན་བསྡུར་ཁང་ནང་ སྐྱེལ་འདྲེན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
པདྨ་དགའ་ཚལ་ལས་ སྐྱེས་ལོ་༣༦ ལང་མི་ བླ་མ་དོན་གྲུབ་ཀྱིས་ སླབ་མིའི་ནང་ ན་ཧིང་གི་ ཀེ་བའི་ཐོན་སྐྱེད་དང་ཕྱདཔ་ད་ དུས་ཅི་ ཕྱེད་ཀ་དེ་ཅིག་ མར་བབས་ཡར་སོ་ཡི་ཟེར་ཨིནམ་ད་ ཁོ་གིས་ བསམ་གྲུབ་ལྗོངས་མཁར་ལུ་ ལོ་བསྟར་བཞིན་དུ་ ཀེ་བ་ཀེ་ཇི་༣,༥༠༠ རེ་བཙོང་ཡོདཔ་བཞིན་དུ་ ན་ཧིང་ ཀེ་བ་སྦོམ་ཀེ་ཇི་༢,༤༠༠ དང་ ཀེ་བ་ཆུང་སུ་འབད་མི་ ཀེ་ཇི་༡,༠༠༠ བཙོང་ཡོདཔ་ཨིན་རུང་ དུས་ཅི་འབདཝ་ད་ ཀེ་བ་སྦོམ་ཀེ་ཇི་༡,༢༠༠ མ་གཏོགས་ བཙོང་མ་ཚུགས་ཟེར་ཨིན་པས།
ཀེ་བ་ཆུང་སུ་འབད་མི་ཚུ་ག་ར་ རུལ་སོཔ་ལས་ དེ་གི་རྒྱུ་རྐྱེན་ངེས་ཏིག་སྦེ་ ཧ་གོ་མ་ཚུགས་རུང་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ཨིནམ་འོང་ནི་མས་ཟེར་ བླ་མ་དོན་གྲུབ་ཀྱིས་ སླབ་ཨིན་པས།
དེ་མ་ཚད་ ཀེ་བ་ཚུ་ རྐོ་ཚར་ཞིནམ་ལས་ རུལ་སོང་མི་དེ་ ན་ཧིང་ལས་ ཀེ་བ་ཞིང་ཚུ་ནང་ ལུད་སོར་ཏེ་ ལག་ལེན་འཐབ་མི་ལུ་བརྟེན་ འོང་ནི་ཨིན་པའི་ དོགས་སྣང་ཡོད་ཟེར་ པདྨ་དགའ་ཚལ་གྱི་ སོ་ནམ་ཞིང་པ་ཚུ་གིས་ སླབ་ཨིན་པས།
ཀེ་བ་བརྐོ་བའི་སྐབས་ལུ་ ལུད་བཞུ་མ་འགྱོ་བར་ ས་ཚུ་སྲ་ཀྲག་ཀྲ་སྦེ་ཡོདཔ་ལས་ ང་བཅས་ཀྱིས་ སོ་ནམ་འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཁོང་གིས་ པར་བཏབ་འབག་ཡོད་རུང་ རྒྱུ་རྐྱེན་ག་ཅི་ལུ་བརྟེན་ ཀེ་བ་ཚུ་ རུལ་ཡོདཔ་ཨིན་ན་ སླབ་ནི་མིན་འདུག་ཟེར་ སོ་ནམ་ཞིང་པ་ཅིག་གིས་ སླབ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ སྒོམ་དར་རྒེད་འོག་གི་ ཞིང་པ་ཚུ་ཡང་ ཁོང་གི་མཛོད་ཁང་ནང་ ཀེ་བ་ཚུ་ རུལ་མི་ལུ་ལྟ་སྟེ་ ཚ་གྱང་ལང་ཡོདཔ་ལས་ རྫོང་ཁག་སོ་ནམ་འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་བའི་ཁར་ དུས་ཅི་ སྒོམ་དར་རྒེད་འོག་རྐྱངམ་གཅིག་ནང་ར་ ཀེ་བ་མེ་ཊིག་ཊཱན་༢༠ ལྷགཔ་ཅིག་ རུལ་ཡོདཔ་ཨིན་པས།
དུས་ཅི་ ཀེ་བ་བརྐོ་བའི་ དུས་ཚོད་ནང་ར་ ཆརཔ་རྒྱུན་ཆད་མེད་པར་ཤུགས་སྦེ་ རྐྱབ་ནི་དེ་གིས་ ཀེ་བའི་ཐོན་སྐྱེད་ཚུ་ རུལ་སོཔ་འོང་ནི་མས་ཟེར་ བསམ་གྲུབ་ལྗོངས་མཁར་སོ་ནམ་འགོ་དཔོན་ ཀརྨ་ཚེ་དབང་གིས་ བཤདཔ་ཨིན་པས།
ཐིམ་ཕུ་གནམ་གཤིས་བརྟག་དཔྱད་ལས་ཚན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ན་ཧིང་དང་ དུས་ཅིའི་བར་ན་ ཆར་ཆུ་མང་ཉུང་གི་ཁྱད་པར་སྦོམ་སྦེ་ མ་ཐོན་ཟེར་ཨིནམ་ད་ ཉིན་བསྟར་བཞིན་དུ་ ཆརཔ་རྐྱབ་མིའི་ ཁྱད་པར་འོང་སྲིད་ནི་ཨིན་རུང་ ཟླ་རིམ་གྱི་ གནས་སྡུད་ནང་ ལྟ་བ་ཅིན་ ཧ་ལམ་ཅོག་འཐདཔ་འཐོན་འོང་ཟེར་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment