གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་གི་ ནང་འཁོད་གནམ་ཐང་འགོ་འབྱེད་འབད་ནི།

༦/༡༠/༢༠༡༢   ༉ སྤྱི་ཟླ་༡༠ པའི་ ཟླ་མཇུག་ལུ་ དགེ་ལེགས་ཕུག་གི་ ནང་འཁོད་གནམ་ཐང་ འགོ་འབྱེད་འབད་ནི་གི་ལས་རིམ་ཡོདཔ་ཨིན་རུང་ མི་ལ་ལུ་ཅིག་གིས་འབད་བ་ཅིན་ ས་ཁོངས་དེ་ནང་ ལྟ་བཤལ་པའི་དོན་ལུ་ མཐུན་རྐྱེན་མེད་པའི་ཁར་ ས་མཚམས་ཉེན་སྲུང་གི་དཀའ་ངལ་ཡོདཔ་ལས་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་དགོཔ་ཡོད་ག་ཟེར་ དོགས་པ་བཀོདཔ་ཨིན་པས།
སྤྱི་ཟླ་༡༠ པའི་ཟླ་མཇུག་ལུ་ འགོ་འབྱེད་འབད་ནི་ཨིན་མི་ དགེ་ལེགས་ཕུག་གི་གནམ་ཐང་།


དེ་མ་ཚད་ མི་མང་གིས་འབད་བ་ཅིན་ ཧེ་མ་ཡང་ གཞུང་གིས་ དགེ་ལེགས་ཕུག་ལུ་ གནམ་ཐང་བཟོ་སྐྲུན་གྱི་འཆར་གཞི་བརྩམས་ཡོདཔ་ཨིན་རུང་ ཤུལ་ལས་འཆར་གཞི་དེ་ ཆ་མེད་གཏང་དགོཔ་བྱུང་ཡི་ཟེར་ བཤདཔ་ཨིན་པས།
བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ནཱན་ད་ལཱལ་ རའི་གིས་འབད་བ་ཅིན་ གཞུང་གིས་ ཕྱག་ལཱ་ག་ཅི་གནང་རུང་ དོགས་སྣང་གི་གནས་སྟངས་འབྱུང་སྲིད་ཟེར་ཨིནམ་ད་ འཕྲལ་འཕྲལ་སྦེ་ དོགས་སྣང་གི་ལག་ལེན་དེ་ སྲིད་འབྲེལ་གྱི་གནས་སྟངས་ལུ་བརྟེན་ཏེ་ འོངམ་ཨིན་ཟེར་ གསུངསམ་ཨིན་པས།
བློན་པོ་གིས་གསུངས་མིའི་ནང་ དགེ་ལེགས་ཕུག་གནམ་ཐང་དེ་ ལོ་ངོ་༣༠ དེ་ཅིག་གི་ ཧེ་མ་ལས་ར་ འཆར་གཞི་བརྩམས་ཡོད་མི་ལུ་བརྟེན་ ད་རེས་ གནམ་ཐང་དེ་བཟོ་ཚར་ཡོདཔ་ལས་ དུས་ཚོད་དང་བསྟུན་ གནམ་ཐང་ཁེ་ཕན་གསལ་སྟོན་ འབད་འོང་ཟེར་ཨིན་པས།
བློན་པོ་གིས་གསུངས་མིའི་ནང་ གནམ་ཐང་དེ་གིས་ ལྟ་བཤལ་པ་ཚུ་ དུས་ཡུན་ཐུང་ཀུ་ཅིག་གི་ནང་འཁོད་ལུ་ ས་གནས་ཁག་མ་འདྲཝ་ དཔེ་འབད་བ་ཅིན་ མཱ་ནཱསི་རྒྱལ་ཡོངས་གླིང་ཁ་ཚུ་ནང་ཡང་ ལྟ་བཤལ་གྱི་དོན་ལུ་ ལྷོད་ཚུགས་པའི་གོ་སྐབས་ཡོད་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ལྟ་བཤལ་པའི་གོ་སྐབས་ལུ་བརྟེན་ འབྲུག་ལུ་ དཔལ་འབྱོར་ཡར་སེང་གི་འོས་འབབ་ཡོདཔ་མ་ཚད་ ས་གནས་ཀྱི་མི་སེར་ཚུ་གིས་ཡང་ དགེ་ལེགས་ཕུག་ལུ་ འགྲོ་འགྲུལ་འབདཝ་ད་ གནམ་གྲུ་ལག་ལེན་འཐབ་ཐོག་ལས་ དུས་ཡུན་མངམ་མི་འགོར་ཟེར་ཨིན་པས།
ལྟ་བཤལ་འགོ་འདྲེན་འཐབ་མི་ཚུ་གིས་འབད་བ་ཅིན་ གནམ་གྲུའི་མཐུན་རྐྱེན་དེ་གིས་ ལྷོ་མཚམས་ཀྱི་ས་གནས་ཚུ་ནང་ ལྟ་བཤལ་གོང་འཕེལ་གཏང་ནིའི་ འོས་འབབ་སྦོམ་ར་འདུག་ཟེར་ཨིན་པས།
གཡང་འཕེལ་ལྟ་བཤལ་ལས་སྡེ་གི་ བཀོད་ཁྱབ་འཛིན་སྐྱོང་འགོ་དཔོན་ ཀརྨ་བློ་གྲོས་ཀྱིས་ སླབ་མིའི་ནང་ འབྲུག་གི་ས་ཁོངས་ཚུ་ནང་ འགྲུལ་སྐྱོད་ཀྱི་ མཐུན་རྐྱེན་གནས་སྟངས་ཡར་སེང་འགྱོ་མི་དེ་ གོ་སྐབས་ལེགས་ཤོམ་ཅིག་ཨིན་ཟེར་ཨིནམ་ད་ དེ་ཡང་ འགྲུལ་སྐྱོད་ཀྱི་གོ་སྐབས་བཟོ་ཞིནམ་ལས་ཚུར་ ས་ཁོངས་ནང་ ལྟ་བཤལ་པ་ཚུ་གིས་ ལྷོད་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྷོ་མཚམས་ཀྱི་ས་ཁོངས་ཚུ་ནང་ རི་དྭགས་ལྟ་སྐོར་དང་ བྱ་རིགས་ལྟ་སྐོར་གྱི་ ལྟ་བཤལ་ལས་རིམ་དོན་ལུ་ འོས་འབབ་སྦོམ་ཡོད་ཟེར་ཨིནམ་ད་ ལྷོ་མཚམས་ཀྱི་ལྟ་བཤལ་ལས་རིམ་ཚུ་ ལྟ་བཤལ་ཉུང་བའི་དུས་ཚོད་ཁར་ ཚོང་བསྒྲགས་འབད་དེ་ ལག་ལེན་འཐབ་ནི་ཨིན་ཟེར་ཨིན་པས།
ཀརྨ་བློ་གྲོས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ཚུན་ དགེ་ལེགས་ཕུག་ལུ་ སྣུམ་འཁོར་ལམ་གྱི་ གནས་སྟངས་ལེགས་ཤོམ་མེད་ནི་དེ་གིས་ རི་དྭགས་ལྟ་སྐོར་དང་ བྱ་རིགས་ལྟ་བཤལ་གོ་སྐབས་ཡོད་མི་དེ་ ལག་ལེན་འཐབ་མ་ཚུགས་པར་ ལུས་སོ་ཡི་ཟེར་ཨིན་པས།
ཨེ་ཏོག་མེ་ཏོག་ ལྟ་བཤལ་ལས་སྡེའི་མདོ་ཆེན་ སངས་རྒྱས་དབང་ཕྱུག་གིས་ སླབ་མིའི་ནང་ དགེ་ལེགས་ཕུག་དེ་ ལྟ་བཤལ་པའི་དོན་ལུ་ ཚོང་བསྒྲགས་འབད་ནི་དེ་ གཙོ་བོ་ར་ མཱ་ནསི་རྒྱལ་ཡོངས་གླིང་ཁ་དེ་ ལྟ་བཤལ་གྱི་དོན་ལུ་ སྒོ་ཕྱེ་དང་ མ་ཕྱེ་ལུ་རག་ལསཔ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མཁའ་འགྲུལ་ཞབས་ཏོག་དང་བསྟུན་ མགྱོན་ཁྱིམ་དང་ གཞན་ལྟ་བཤལ་དང་འབྲེལ་བའི་མཐུན་རྐྱེན་ཚུ་ཡང་ གོང་འཕེལ་གཏང་ནིའི་རེ་བ་ཡོད་ཟེར་ཨིན་པས།
ད་རུང་ ལྟ་བཤལ་འགོ་འདྲེན་འཐབ་མི་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ལྷོ་མཚམས་ཀྱི་ ས་གནས་ཚུ་ནང་ལས་ཕར་ ལྟ་བཤལ་གོང་འཕེལ་གཏང་དགོཔ་ཡོད་རུང་ གཞུང་དང་ལྟ་བཤལ་ཚོགས་སྡེ་གིས་ ལྟ་བཤལ་ལུ་མཁོ་བའི་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་དགོ་ཟེར་ཨིན་པས།
འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ ནང་འཁོད་མཁའ་འགྲུལ་ཞབས་ཏོག་གི་ ཡོངས་ཁྱབ་འཛིན་སྐྱོང་འགོ་དཔོན་ རྣམ་རྒྱལ་དབང་ཕྱུག་གིས་ སླབ་མིའི་ནང་ ད་ལྟོ་ དགེ་ལེགས་ཕུག་ལུ་གནམ་གྲུའི་འགྲུལ་སྐྱོད་ཀྱི་ དུས་ཚོན་ཚུ་ བཀོད་སྒྲིག་མ་འབད་ཟེར་ཨིནམ་ད་ དགེ་ལེགས་ཕུག་དེ་ མཁའ་འགྲུལ་ཞབས་ཏོག་གི་དོན་ལུ་ ད་ལྟོ་ ས་གནས་གསརཔ་ཅིག་ཨིནམ་ལས་ ལྟ་བཤལ་པའི་གནས་སྟངས་ཀྱི་མཁོ་འདོད་དང་བསྟུན་ འཕུར་འགྲུལ་གྱི་དུས་ཚོད་ བཀོད་སྒྲིག་འབད་འོང་ཟེར་ཨིན་པས།
བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ནཱན་ད་ལཱལ་ རའི་གིས་འབད་བ་ཅིན་ དགེ་ལེགས་ཕུག་གི་གནམ་ཐང་དེ་ རྒྱ་བསྐྱེད་འབད་ནི་གི་ ངོ་སྦྱོར་ཡོད་ཟེར་ཨིན་པའི་ཁར་ སྤ་རོའི་གནམ་ཐང་དེ་ ས་ཆ་ཨེ་ཀར་༡༦༠ དང་༡༧༠ གི་བར་ན་ཡོད་མི་དང་ཕྱདཔ་ད་ དགེ་ལེགས་ཕུག་གི་གནམ་ཐང་དེ་ ས་ཆ་ཨེ་ཀར་༥༢༠ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment