གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་ལུ་ སྨྱོ་རྫས་འབག་འོང་ནིའི་ དཔའ་བཅམ་མི་༤ འཛིན་བཟུང་།

༦/༡༠/༢༠༡༢   ༉ ཁ་ཙ་དྲོ་པ་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ འགྲུལ་སྐྱེལ་བཱསི་འཐོན་འཛུལ་འབད་སའི་ ས་ཁོངས་ཀྱི་ སྦོ་ལོགས་ཁ་ལས་ ཚུལ་མིན་གྱི་སྒོ་ལས་ སྨྱོ་རྫས་འཆང་སྤྱོད་འབད་མི་ ཕོ་སྐྱེས་༣ དང་ ན་གཞོན་༡ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁ་ཙ་དྲོ་པ་ ཁྲིམས་སྲུང་འགག་པ་གིས་ དོགས་ཅན་ཚུ་ལས་ འཕྱོག་བཟུང་འབད་མི་ སྨྱོ་རྫས་ཚུ།


དེ་ཡང་ ཁོང་ཆ་ཁྱབ་ སྨྱོ་རྫས་འབག་སྟེ་ ཐིམ་ཕུ་ལུ་ འགྱོ་ནི་གི་ འཆར་གཞི་བརྩམས་པའི་སྐོར་ལས་ གསང་བའི་སྙན་ཞུ་ ཐོབ་མི་དང་འཁྲིལ་ ཕོ་སྐྱེས་ཚུ་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་བཞག་ནུག།
ཁྲིམས་སྲུང་འགག་པ་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ དོགས་པ་ཅན་ཚུ་གི་གྲས་ལས་ གློག་མེ་ལས་འགུལ་ཅིག་ནང་ ལཱ་འབད་མི་ སྐྱེས་ལོ་༢༧ ལང་མི་ ཕོ་སྐྱེས་ཅིག་གིས་ གནས་གོང་དངུལ་ཀྲམ་༡༠,༠༠༠ དེ་ཅིག་འབད་མི་ སྨྱོ་རྫས་ཨེསི་པི་སྨན་ལེབ་༢,༣༩༠ དང་ ཨར་པི་སྨན་ལེབ་༣༤༤ ཨེན་-༡༠ ཟེར་མི་ སྨན་ལེབ་༢༡༠ འབག་སྟེ་ཡོདཔ་མ་ཚད་ དོགས་པ་ཅན་གཞན་ སྐྱེས་ལོ་༢༩ ལང་མི་ ཕོ་སྐྱེས་དེ་གིས་ ཨེསི་པི་སྨན་ལེབ་༧༡༡ དང་ ཨེན་–༡༠ ཟེར་མི་སྨན་ལེབ་༡༠༥ ཨར་པི་སྨན་ལེབ་༡༤༠ འབག་ཡོདཔ་ད་ དོགས་པ་ཅན་དེ་ ལཱ་གཡོག་མེད་མི་ཅིག་ཨིན་པས།
ད་རུང་ དོགས་པ་ཅན་གཞན་ སྐྱེས་ལོ་༡༩ ལང་མི་དེ་ སྐྱེས་ལོ་༢༩ ལང་མི་དང་མཉམ་གཅིག་ ཡོད་པའི་ཁར་ སྐྱེས་ལོ་༡༧ ལང་མི་བུཚ་དེ་ སྐྱེས་ལོ་༢༧ ལང་མི་དང་གཅིག་ཁར་ཡོདཔ་ལས་ ཁོང་གཉིས་ཡང་ འཛིན་བཟུང་འབད་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་གིས་ དྲོ་པའི་ཆུ་ཚོད་༧.༤༥ ལུ་ གསང་བའི་སྙན་ཞུ་ཐོབ་སྟེ་ ཆུ་ཚོད་༨.༡༠ ལུ་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ དེ་བསྒང་ ཁོང་ཆ་ཁྱབ་ འགྲུལ་སྐྱེལ་བཱསི་འཐོན་འཛུལ་འབད་སའི་ སྦོ་ལོགས་ཁར་ བཤལ་འཁྱམས་སྦེ་ སྡོད་ནུག་ཟེར་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཁོང་གིས་ སྨན་ལེབ་ཚུ་ ཁུར་ཆ་ནང་ནའི་ གྱིབ་ཤོག་གནགཔོ་ཅིག་གི་ནང་ སྦ་བཞག་ནུག་ཟེར་ཨིནམ་ད་ ཁོང་གིས་ སྨྱོ་རྫས་ཚུ་ ག་དེ་སྦེ་ སྦ་བཞག་ཡོདཔ་ཨིན་ན་ གནས་ཚུལ་ཐོབ་ནི་དེ་གིས་ འཇམ་ཏོང་ཏོ་སྦེ་ བདའ་ཟུན་ཚུགས་ཅི་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་མ་ཚད་ ཁོང་གིས་ སྨྱོ་རྫས་ཚུ་ དབང་འདུས་ཕོ་བྲང་ལུ་ འབག་འགྱོ་ནི་གི་ འཆར་གཞི་བརྩམས་ནུག་ཟེར་ཨིན་པས།
དོགས་པ་ཅན་ཚུ་གིས་ སྨྱོ་རྫས་ཚུ་ ཕུན་ཚོགས་གླིང་ཁྲོམ་ལས་ ཀི་ལོ་མི་ཊར་༡༨ ཀྱི་ས་གནས་ ཧ་ཤི་མ་ར་ལས་ ཉོ་འབག་འོང་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ད་ དོགས་པ་ཅན་ངོ་མ་༢ པོ་དེ་ སྨྱོ་རྫས་ཚོང་འབྲེལ་འཐབ་མི་ཨིན་རུང་ ཆ་རོགས་གཞན་༢ ལུ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་རྐྱབ་པའི་བསྒང་ཡོདཔ་ད་ ཁོང་གིས་ ཁོང་ར་བཟའ་སྤྱོད་འབད་ནིའི་དོན་ལུ་ འབག་འོང་ཡོདཔ་སྦེ་ སླབ་ཡོད་རུང་ སྨྱོ་རྫས་ཀྱི་ འབོར་ཚད་ལུ་ལྟཝ་ད་ རྒྱབ་འགལ་འགྱོཝ་མས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ད་རུང་ ཁོང་ཆ་ཁྱབ་ འཛིན་བཟུང་འབདཝ་ད་ སྨྱོ་རྫས་སྤྱོད་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ སླབ་ཨིན་པས།
ད་རེས་ཚུན་ཚོད་ ཁྲིམས་སྲུང་འགག་པ་གིས་ ཚུལ་མིན་གྱི་སྒོ་ལས་ སྨྱོ་རྫས་འཆང་སྤྱོད་དང་ ཚོང་འབྲེལ་འཐབ་མི་༥༣ འཛིན་བཟུང་འབད་མིའི་གྲས་ལས་༥ ཏམ་ཁུ་ནག་ཚོང་འཐབ་མི་ལུ་བརྟེན་ཨིན་པས།
ཁྲིམས་སྲུང་འགག་པའི་ གནས་ཐོ་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༩ ལུ་ སྨྱོ་རྫས་ལུ་བརྟེན་ མི་༥༦ དང་ སྤྱི་ལོ་༢༠༡༠ ལུ་ འབྲུག་མི་མིན་པའི་ མི་༡༠ རྩིས་ཏེ་ མི་གྲངས་༦༠ འཛིན་བཟུང་འབད་བའི་ཁར་ སྤྱི་ལོ་༢༠༡༡ ལུ་ ཏམ་ཁུ་ནག་ཚོང་འཐབ་མི་ ཕྱི་མི་༡༠ དང་ འབྲུག་མི་༥ རྩིས་ཏེ་ མི་གྲངས་༧༣ འཛིན་བཟུང་འབད་ཡོད་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment