| ཕུན་ཚོགས་གླིང་ལུ་ ལས་མིའི་ཆོག་ཐམ་བཟོ་ནིའི་དོན་ལས་ སྒུག་སྡོད་མི་ ཕྱིའི་ལས་མི་ཚུ། |
འུར་སྒྲ་དེ་ཡང་ ཕུན་ཚོགས་གླིང་ལུང་ཕྱོགས་ལཱ་གཡོག་དང་ ལས་མི་ཡིག་ཚང་ ཕྱི་མི་ནང་སྐྱོད་ལས་ཁུངས་ ལུང་ཕྱོགས་ཚོང་འབྲེལ་ཡིག་ཚང་ཚུ་ལས་ འགོ་དཔོན་ཚུ་གིས་ འབྲུག་གི་ས་མཚམས་ནང་ན་ ལཱ་འབད་མི་ འབྲུག་མི་མིན་པའི་ ཕྱི་ཁའི་ལས་མི་ཚུ་ མཉམ་འབྲེལ་ཐོག་ལས་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་པའི་ཤུལ་ལུ་ བྱུང་ཡོདཔ་ཨིན་པས།
ལུང་ཕྱོགས་ལས་མི་མདོ་ཆེན་ ཀུན་ལེགས་དབང་འདུས་ཀྱིས་ སླབ་མིའི་ནང་ ཞིབ་དཔྱད་དེ་ གཙོ་བོ་ར་ གཡོག་ལཱ་སྤྲོད་མི་ ལས་སྡེ་གང་རུང་དང་ ཟ་ཁང་ ཡང་ཅིན་ བཟོ་གྲྭ་འཕྲུལ་ཁང་ཚུ་གིས་ ཁོང་གི་འོག་ལུ་ ལཱ་འབད་མི་ ཕྱིའི་ལས་མི་ཚུ་ལུ་ ལཱ་འབད་ཆོག་པའི་ ཁྲིམས་མཐུན་ཆོག་ཐམ་ཚུ་ཡོད་མེད་ བལྟ་ནིའི་དོན་ལུ་ཨིནམ་མ་གཏོགས་ ལས་མི་ཚུ་ བདའ་གཏང་ནིའི་དོན་ལུ་ འབད་འབདཝ་རྩ་ལས་མེན་ཟེར་ཨིན་པས།
ཕྱིའི་ལས་མི་ཚུ་ལུ་ ལཱ་འབད་ཆོག་པའི་ ཆོག་ཐམ་དེ་ར་ཡོད་པ་ཅིན་ འབྲུག་ལུ་ འཕྲོ་མཐུད་དེ་ར་ ལཱ་འབད་ཆོག་ཟེར་ ཀུན་ལེགས་དབང་འདུས་ཀྱིས་ སླབ་པའི་ཁར་ ད་རེས་ནངས་པ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཧང་སྟོང་མར་ ཞིབ་དཔྱད་རྐྱབ་སྟེ་ ཕྱིའི་ལས་མི་ཚུ་ བདའ་གཏངམ་མས་ཟེར་བའི་ ལོ་རྒྱུས་འདྲ་མ་འདྲཝ་ལེ་ཤ་སླབ་ཨིན་རུང་ ལས་མི་ཡིག་ཚང་གིས་ ཚུལ་མཐུན་གྱི་ ལས་མི་ཆོག་ཐམ་མེད་པར་ ལཱ་འབད་བཅུག་མི་ ཇོ་བདག་ཚུ་ལུ་ ཉེས་བྱ་བཀལ་ཡོདཔ་མ་གཏོགས་ ལས་མི་ཕུད་རྡོག་གཅིག་ཡང་ བདའ་བཏང་བཏངམ་མེད་ཟེར་ སླབ་ཨིན་པས།
དེ་མ་ཚད་ ལཱ་སྤྲོད་མི་ཚུ་ལུ་ ལས་མི་ཚུ་བཙུགསཔ་ད་ ཁྲིམས་མཐུན་གྱི་ བྱ་སྒོའི་ལམ་ལུགས་དང་འཁྲིལ་དགོ་པའི་ གོ་བརྡ་ཚུ་ སྤྲོད་ཡོད་ཟེར་ ཁོ་གིས་ སླབ་པའི་ཁར་ ཚོགས་ཆུང་གི་ འཐུས་མི་ཚུ་གིས་ ཞིབ་དཔྱད་རྐྱབ་ད་ ལཱ་སྤྲོད་མི་ཚུ་ལུ་ དྲི་དཔྱད་འབད་དེ་ ཉེས་བྱ་བཀལ་ཡོདཔ་མ་གཏོགས་ ལས་མི་ཚུ་ལུ་ བཀལ་བཀལཝ་མེད་ཟེར་ ཀུན་ལེགས་དབང་འདུས་ཀྱིས་ བཤདཔ་ཨིན་པས།
དེ་འབདཝ་ལས་ ང་བཅས་ཀྱིས་ རྒྱ་གར་གྱི་ ལས་མི་ཚུ་ལུ་ གནོད་འཚེ་དང་ འཚེར་སྣང་བྱིན་བྱིནམ་མེད་རུང་ དོན་མེད་ཀྱི་ ཉོགས་བཤད་བཀོདཔ་མས་ཟེར་ཨིན་པས།
མ་གཞི་ ད་ལྟོ་ སྙན་ཞུ་ཚུ་ བསྡུ་སྒྲིག་འབད་མ་ཚར་བར་ཡོད་རུང་ འཐུས་མི་ཚུ་གིས་ ཞིབ་དཔྱད་རྐྱབ་པའི་བསྒང་ཡོདཔ་ལས་ ཚུལ་མིན་གྱི་སྒོ་ལས་ ཕྱིའི་ལས་མི་བཙུགས་མི་ ལེ་ཤ་འདུག་ཟེར་ ཁོ་གིས་ སླབ་ཨིན་པས།
ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱིས་ ལཱ་སྤྲོད་མི་ཚུ་ལུ་ ལས་མི་རེ་ལུ་ ཉེས་བྱ་དངུལ་ཀྲམ་༩,༩༠༠ རེ་ བཀལ་དོ་ཡོདཔ་མ་ཚད་ ལུང་ཕྱོགས་ཚོང་འབྲེལ་ཡིག་ཚང་གིས་ ཆོག་ཐམ་ཚུ་ གནས་སྐབས་ཅིག་ འཕྱོག་བཟུང་འབད་དེ་ བཞག་དོ་ཡོདཔ་ཨིན་པས།
ད་རེས་ ཞིབ་དཔྱད་རྐྱབ་མི་དེ་ ན་ཧིང་ སྤྱི་ཟླ་༩ པའི་ནང་ ཞིབ་དཔྱད་རྐྱབ་མིའི་ རྗེས་དཔྱད་ལུ་ཨིནམ་ད་ དེ་བསྒང་ ང་བཅས་ཀྱིས་ ལཱ་སྤྲོད་མི་ཚུ་ལུ་ ཡིག་ཐོག་ལུ་ ཉེན་བརྡ་བྱིན་ཡོདཔ་ཨིན་རུང་ ད་རིས་འབདཝ་ད་ ཉེས་བྱ་བཀལ་ནི་སྦེ་ ཐག་བཅད་ཅི་ཟེར་ བརྡ་བརྒྱུད་ཀྱི་ འབྲེལ་གནད་འགོ་དཔོན་ཡང་ཨིན་མི་ ཀུན་ལེགས་དབང་འདུས་ཀྱིས་ སླབ་ཨིན་པས།
ཚོང་པ་ཚུ་གིས་ ཞིབ་དཔྱད་སྡེ་ཚན་ལུ་ མཉམ་འབྲེལ་འབད་མ་བཏུབ་པའི་ དཀའ་ངལ་ཡང་ཡོདཔ་ད་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཁོང་གིས་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་པའི་ཤུལ་ལས་ ཚོང་པ་ཚུ་གིས་ ཁོང་རའི་ ཚོང་ཁང་ཚུ་ སྒོ་བསྡམས་ཏེ་ འགྱོ་མི་ལུ་ལྟཝ་ད་ ཚོང་འབྲེལ་ཆོག་ཐམ་ཚུ་ ཕྱི་མི་ལུ་ གླ་ཐོག་སྤྱོད་བཅུག་པའི་ དོགས་སྣང་ཡོད་ཟེར་ཨིན་པས།
ལུང་ཕྱོགས་ཚོང་འབྲེལ་མདོ་ཆེན་ ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ ཚོང་པ་ཚུ་གིས་ ཉིནམ་དག་པ་ཅིག་གི་རིང་ ཚོང་ཁང་སྒོ་བསྡམས་བཞག་མི་ཚུ་གི་ ཐོ་བཞག་ཡོདཔ་ལས་ ཚོང་ཁང་སྒོ་བསྡམས་དགོ་པའི་ རྒྱུ་མཚན་ག་ཅི་ཨིན་ན་ ཁུངས་བཀལ་བཅུག་ནི་ཟེར་ཨིན་པས།
ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཕུན་ཚོགས་གླིང་ལུ་ ཚུལ་མཐུན་ཆོག་ཐམ་ཐོག་ ཉིན་མར་ལཱ་འབད་མི་ ཕྱིའི་ལས་མི་༢,༧༧༩ དེ་ཅིག་ཡོད་ཟེར་ ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment