གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བའི་ཚོང་འབྲེལ་ལེགས་ཤོམ་འགྱོ་དོ་ཡོདཔ།

 ༡༢/༡༠/༡༢། ༉ དུས་ཅི་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་དང་ པདྨ་དགའ་ཚལ་རྫོང་ཁག་གི་ སོ་ནམ་ཞིང་པ་ཚུ་གི་ ཀེ་བའི་ཐོན་སྐྱེད་ཚུ་ རྒྱ་ཆེཝ་སྦེ་ར་ མེདཔ་བཏང་ཡོད་རུང་ བསམ་གྲུབ་ལྗོངས་མཁར་རིན་བསྡུར་ཁང་ནང་ལས་ རིན་བསྡུར་ཐོག་བཙོང་མི་ ཀེ་བའི་འབོར་ཚད་དེ་ ཁ་ཙ་ཚུན་ཚོད་ ན་ཧིང་གི་ ཐོན་སྐྱེད་ཡོངས་བསྡོམས་དང་ ཧ་ལམ་འདྲ་མཉམ་འཚམས་ལུ་ ལྷོད་ཡོདཔ་ཨིན་པས།
དེ་མ་ཚད་ ཀེ་བ་ཚོང་སྒྱུར་འཐབ་ནི་གི་ དུས་ཚོད་ཟླཝ་གཉིས་ཡོདཔ་ལས་ ན་ཧིང་གི་ ཐོན་སྐྱེད་དང་ཕྱདཔ་ད་ དུས་ཅི་མང་ནི་ཨིན་པས།
ཀེ་བ་ཚུ་ རིན་བསྡུར་ཁང་ནང་ མང་ཤོས་ར་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་རྫོང་ཁག་ཚུ་ནང་ལས་ འབག་འོང་དོ་ཡོདཔ་ད་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཀེ་བའི་ཐོན་སྐྱེད་ཚུ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་མི་དེ་ཡང་ དཔེ་འབད་བ་ཅིན་ སྤྱི་ལོ་༢༠༡༠ ཟླཝ་༦ པ་ལས་༡༠ པ་ཚུན་ཚོད་ རིན་བསྡུར་ཁང་ནང་ ཀེ་བ་མེ་ཊིག་ཊཱན་༢,༠༤༤.༦༡ ལྷོད་ཡོད་མི་ལས་ སྤྱི་ལོ་༢༠༡༡ ལུ་ མེ་ཊིག་ཊཱན་༣,༤༩༩.༧༥ ལུ་ ཡར་སེང་སོང་ཡི་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པའི་ཚེས་༡ ལས་ སྤྱི་ཟླ་༡༠ པའི་ཚེས་༩ ཚུན་ཚོད་ཀྱི་བར་ན་ ཀེ་བ་མེ་ཊིག་ཊཱན་༤,༥༩༤.༨༣ ལྷོད་མི་ལུ་ལྟཝ་ད་ ལོ་བསྟར་བཞིན་དུ་ མེ་ཊིག་ཊཱན་༡,༠༠༠ དེ་རེ་ ཡར་སེང་འགྱོཝ་མས་ཟེར་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
བསམ་གྲུབ་ལྗོངས་མཁར་དང་ པདྨ་དགའ་ཚལ་རྫོང་ཁག་གི་ སོ་ནམ་ཞིང་པ་ལེ་ཤ་ཅིག་གི་ ཀེ་བ་ཚུ་ རུལ་སོཔ་ལས་ སེམས་ཕམ་བྱུང་ཡོད་རུང་ སྤྱིར་བཏང་ལུ་ ཐོན་སྐྱེད་ཡར་སེང་དང་ གོང་ཚད་ཡང་ ལེགས་ཤོམ་ཐོབ་མས་ཟེར་ སོ་ནམ་ཞིང་པ་ཚུ་གིས་ སླབ་ཨིན་པས།
ད་རེས་ནངས་པ་ བསམ་གྲུབ་ལྗོངས་མཁར་གྱི་ རིན་བསྡུར་ཁང་ནང་ ཀེ་བ་སྦོམ་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༢༠ ཚུན་དང་ དམའ་ཤོས་དངུལ་ཀྲམ་༡༥ ལས་མར་འབབ་འགྱོ་ནི་མེདཔ་ད་ ན་ཧིང་འབད་བ་ཅིན་ ཚོང་སྒྱུར་གྱི་ དུས་ཚོད་ངོ་མའི་ནང་ ཀེ་བ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༠ ལས་༡༧ གྱི་བར་ན་མ་གཏོགས་ མ་ཐོབ་པས།
ཨིན་རུང་ དུས་ཅི་ ཀེ་བ་ཆུང་ཀུ་ཚུ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤ ལས་ལྷག་ ཐོབ་མ་ཚུགས་པས།
ད་རིས་ ཀེ་བ་སྦོམ་ཚུ་གི་ གོང་ཚད་ཡར་སེང་སོང་མི་དེ་ཡང་ རྒྱ་གར་ཨ་སམ་ལུ་ ཀེ་བའི་ཐོན་སྐྱེད་རྒྱ་ཆེཝ་སྦེ་ མེད་ནི་དེ་གིས་ཨིན་པས་ཟེར་ རིན་བསྡུར་ཁང་གི་ འཛིན་སྐྱོང་པ་ པུར་ན་ཏ་མང་གིས་ སླབ་ཨིན་པས།
དེ་ལས་ ད་རེས་ནངས་པ་ ཀེ་བ་བཙོང་པར་ བསམ་གྲུབ་ལྗོངས་མཁར་ལུ་ ལྷོད་མི་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ མོང་སྒར་གྱི་ སོ་ནམ་ཞིང་པ་ཚུ་གིས་ སླབ་མིའི་ནང་ ཞིང་ལམ་ཚུ་ ས་གནས་ཐདམ་ཐད་ཁ་ལས་ཕར་ བསལ་ཡོད་ནི་དེ་གིས་ ཁོང་གི་ སོ་ནམ་གྱི་ ཐོན་སྐྱེད་ཚུ་ ཁྲོམ་ཁར་ཚུན་ སྐྱེལ་འདྲེན་འབད་ནི་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ཡོད་ཟེར་ཨིན་པས།
ང་བཅས་ཀྱི་ ཀེ་བ་ཚུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ སྣུམ་འཁོར་ཊཱག་ཚུ་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་པའི་ཁར་ དོས་གླ་ཚུ་ཡང་ རན་ཏོག་ཏོ་འདུག་ཟེར་ མོང་སྒར་དགྲ་མེད་རྩེ་ལས་ སྐྱེས་ལོ་༤༧ ལང་མི་ སོ་ནམ་པ་ ཆོས་ཉིད་རྡོ་རྗེ་གིས་ སླབ་ཨིན་པས།
ཆོས་ཉིད་རྡོ་རྗེ་གིས་ ཁོ་གི་ཀེ་བ་ཞིང་ཨེ་ཀར་༡ ནང་ ཀེ་བ་ཀེ་ཇི་༤,༢༠༠ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
ད་རུང་ དུས་ཅི་ སོ་ནམ་ཞིང་པ་ཚུ་ རང་སོའི་ཀེ་བ་བཙོང་ནིའི་དོན་ལུ་ བསམ་གྲུབ་ལྗོངས་མཁར་གྱི་ ཟ་ཁང་ཚུ་ནང་ ཉིན་གྲངས་༣ ལས་བརྒལ་ བསྒུག་དགོཔ་མ་བྱུངམ་ཨིན་པའི་གནས་ཚུལ།

No comments:

Post a Comment