གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ན་ཧིང་ སྣུམ་འཁོར་གྱི་ཐུག་རྐྱེན་ནང་ ཤི་རྐྱེན་བྱུང་མི་དེ་ འདས་པའི་ལོ་ངོ་༧ ནང་ མཐོ་ཤོས་ཨིནམ།

༢/༡༠/༢༠༡༢    ༉ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འཆར་ལོ་༢༠༡༡ དང་༢༠༡༢ ཀྱི་ སྙན་ཞུ་དང་འཁྲིལཝ་ད་ ན་ཧིང་གི་ལོ་ནང་ སྣུམ་འཁོར་༡༠,༠༠༠ ལུ་ ཐུག་རྐྱེན་བྱུང་མིའི་ནང་ལས་ ཤི་རྐྱེན་བརྒྱ་ཆ་༡༦.༧ དེ་ཅིག་བྱུང་མི་དེ་ མཐོ་ཤོས་ཅིག་ཨིན་པས།


སྣུམ་འཁོར་གྱི་ ཐུག་རྐྱེན་ཡར་སེང་སོང་མི་དེ་ གཙོ་བོ་ར་ སྣུམ་འཁོར་གྱི་གྱངས་ཁ་ ཡར་སེང་སོང་བའི་ཁར་ ཆང་དང་ སྨྱོ་རྫས་ལག་ལེན་འཐབ་སྟེ་ སྣུམ་འཁོར་བཏང་མི་ དེ་ལས་ འཁོར་ལམ་ལེགས་ཤོམ་མེད་མི་དང་ གནམ་གཤིས་གནས་སྟངས་ཚུ་ལུ་བརྟེན་ ཨིན་མས་ཟེར་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༠༥ ལུ་ སྣུམ་འཁོར་ཡོངས་བསྡོམས་༢༩,༩༡༤ དེ་ཅིག་ཡོདཔ་བཞིན་དུ་ ལོ་དེ་ནང་ ཐུག་རྐྱེན་༦༩༦ བྱུང་མིའི་ནང་ ཤི་རྐྱེན་༣༩ བྱུང་མི་དང་ཕྱདཔ་ད་ ན་ཧིང་ སྣུམ་འཁོར་གྱི་གྱངས་ཁ་༦༢,༧༢༤ ལུ་ ཡར་སེང་སོང་ཡོདཔ་ད་ ཐུག་རྐྱེན་༡,༣༧༤ ཐོ་བཀོད་འབད་མིའི་ནང་ ཤི་རྐྱེན་༡༠༤ ཐོ་བཀོད་འབད་མི་དེ་ འདས་པའི་ལོ་ངོ་༧ ནང་ མཐོ་ཤོས་ཅིག་ཨིན་པས།
འཆར་ལོ་༢༠༡༡ དང་༢༠༡༢ ནང་འབད་བ་ཅིན་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༣༠ ཚུན་ སྣུམ་འཁོར་ཡོངས་བསྡོམས་༦༦,༤༣༠ ལུ་ཡར་སེང་སོང་ཡོདཔ་ད་ ན་ཧིང་ སྤྱི་ཟླ་༧ པ་ལས་ དུས་ཅི་སྤྱི་ཟླ་༦ པ་ཚུན་ རྫོང་ཁག་༡༣ ནང་ ཐུག་རྐྱེན་ཡོངས་བསྡོམས་༤༡༧ ཐོ་བཀོད་འབད་མིའི་ནང་ ཤི་རྐྱེན་༤༩ དང་ མ་སྐྱོན་༨༨ བྱུང་ཡོདཔ་ཨིན་པས།
འཆར་ལོ་དེ་ནང་ ཐུག་རྐྱེན་མང་ཤོས་ར་ དགེ་ལེགས་ཕུག་ རྫོང་ཁག་ནང་འཁོད་ལུ་༡༢༩ བྱུང་ཡོདཔ་ད་ དེ་ནང་ ཤི་རྐྱེན་༡༡ དང་ རྨ་སྐྱོན་༤ དེ་ཅིག་ བྱུང་ཡོདཔ་ཨིན་པས།
ཤི་རྐྱེན་གྱི་སྙན་ཞུ་ མཐོ་ཤོས་ར་ རྩི་རང་ལུ་ ཐུག་རྐྱེན་༨༦ བྱུང་མིའི་ནང་ ཤི་རྐྱེན་༡༥ ཐོ་བཀོད་འབད་ཡོདཔ་ད་ དེ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཐུག་རྐྱེན་༦༣ བྱུང་མིའི་ནང་ ཤི་རྐྱེན་༡༤ བྱུང་མི་ཚུ་ཨིན་པས།
དབང་འཛིན་གྱིས་ སྙན་ཞུ་དང་འཁྲིལཝ་ད་ འཆར་ལོ་༢༠༡༡ དང་༢༠༡༢ ལོའི་ནང་འཁོད་ལུ་ ལྷུན་རྩེ་དང་ མོང་སྒར་ལུ་ སྣུམ་འཁོར་གྱི་ ཐུག་རྐྱེན་ཚར་གཅིག་ཡང་ མ་བྱུང་པའི་ཁར་ དབང་འདུས་ཕོ་བྲང་ལུ་ ཐུག་རྐྱེན་༣༦ ཐོ་བཀོད་འབད་མིའི་ནང་ རྨ་སྐྱོན་དང་ ཤི་རྐྱེན་ཕུད་རྡོག་༡ ཡང་ མ་བྱུངམ་ཨིན་པས།
འཆར་ལོ་དེ་ནང་ ཐུག་རྐྱེན་ཉུང་ཤོས་ར་ བཀྲིས་གཡང་རྩེ་ལུ་ ཐུག་རྐྱེན་༡ བྱུང་མིའི་ནང་ མི་༡ ལུ་ རྨ་སྐྱོན་བྱུང་མི་དེ་ཨིནམ་ད་ དར་དཀར་ནང་ལུ་ ཐུག་རྐྱེན་༤ ཐོ་བཀོད་འབད་མིའི་ནང་ མི་༩ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།
སྙན་ཞུ་དེ་དང་འབྲེལ་བའི་ གནད་སྡུད་དེ་ ལུང་ཕྱོགས་སོ་སོའི་ ལམ་འགྲུལ་དང་ཉེན་སྲུང་སྐྱེལ་འདྲེན་དབང་འཛིན་གྱི་ ཡིག་ཚང་ཚུ་ནང་ གནས་ཐོ་བཞག་མི་ཚུ་ བསྡུ་སྒྲིག་ཐོག་ གསལ་བཀོད་འབད་ཡོདཔ་ད་ ད་རུང་ ཕུན་ཚོགས་གླིང་དང་ ཐིམ་ཕུ་ལུང་ཕྱོགས་འོག་གི་ ཐུག་རྐྱེན་སྙན་ཞུ་ཚུ་ མ་བཀོདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment