གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེ་ལུ་ བྱིན་རླབས་ཅན་གྱི་ ཚེ་དཔག་མེད་ཀྱི་དབང་གནང་ཡོདཔ།

༢/༡༠/༢༠༡༢   ༉ ལྷུན་རྩེ་རྫོང་ཁག་ནང་ ལོ་བསྟར་བཞིན་དུ་ དད་ཅན་སྐྱ་སེར་ཕོ་མོ་ཡོངས་ལུ་ གནང་སྲོལ་ཡོད་པའི་ མགོན་པོ་ཚེ་དཔག་མེད་ཀྱི་དབང་དེ་ རང་ཟླ་༨ པའི་ཚེས་༡༥ ལུ་ གནང་དོ་ཡོདཔ་ལས་ ཁ་ཉིནམ་ རྫོང་ཁག་དེ་ནང་གི་ རྒེད་འོག་༨ ཀྱི་མི་སེར་དང་ ཞི་གཡོགཔ་ ཚོང་པ་ཚུ་གིས་མ་ཚད་པར་ ཉེ་འདབས་ཀྱི་རྫོང་ཁག་ མོང་སྒར་ལས་ཡང་ མི་སེར་བརྒྱ་ལས་བཅད་དེ་ མགོན་པོ་ཚེ་དཔག་མེད་ཀྱི་ཚེ་དབང་ཞུ་བར་ འཛོམས་ཡི།
ཚེས་བཅུ་མཇལ་མི་ཚུ་ མགོན་པོ་ཚེ་དཔག་མེད་ཀྱི་ དབང་ཞུ་བའི་བསྒང་།
དབང་ཞུ་ནིའི་དོན་ལུ་ ཨམ་སྲུ་དང་ ཕོ་སྐྱེས་ཚུ་ གྱལ་སོ་སོར་སྦེ་ བཅད་སྡོད་པའི་བསྒང་།


ལོ་བསྟར་བཞིན་དུ་ མགོན་པོ་ཚེ་དཔག་མེད་ཀྱི་དབང་ གནང་སྲོལ་ཡོད་མི་དེ་ དུས་རབས་ནམ་ལས་ འགོ་བཙུགས་ཡོདཔ་ཨིན་ན་ ག་གིས་ཡང་ མི་ཤེས་དོ་ཡོདཔ་ད་ རྒན་ཤོས་ཚུ་གིས་འབད་བ་ཅིན་ ཚེ་དཔག་མེད་ཀྱི་དབང་དེ་ སྔོན་དང་ཕུ་ལས་ར་ ཚེའི་དངོས་གྲུབ་ཞུ་ནི་འདུག་ཟེར་ སླབ་ཨིན་པས།
ལྷུན་རྩེ་རབ་སྡེའི་བླམ་གནས་བརྟན་ ཡོན་ཏན་ཀུན་འབྱུང་གིས་ མགོན་པོ་ཚེ་དཔག་མེད་ཀྱི་འབྱུང་རབས་སྐོར་ལས་ ཀུན་གསལ་ལུ་ བཤད་མིའི་ནང་ མ་གཞི་ཚེ་དཔག་མེད་ཀྱི་སྐོར་ལས་ ཡིག་ཆ་ཚུ་མིན་འདུག་ཟེར་ཨིན་རུང་ འཇིག་རྟེན་པའི་ཁ་རྒྱུན་བཟུམ་ཅིག་འབད་བ་ཅིན་ ཧེ་མ་ ལྷུན་རྩེ་རྫོང་ཁག་ སྐྱིད་ལུང་གཡུས་སྒོ་ལས་ ཉིན་བསྟར་བཞིན་དུ་ ཉ་བཟུང་སྡོད་མི་ ཉ་རོགསཔ་ ཏའུ་པོ་ཟེར་མི་གི་ ཉ་བཟུང་ནིའི་དྲྭ་བོ་ནང་ཚུད་དེ་ ཆུ་གཏེར་སྦེ་བཞེས་བཞེསཔ་ཅིག་གི་ལོ་རྒྱུས་ཨིན་མས་ཟེར་ཨིན་པས།
དེ་ལས་ ཆུ་གཏེར་ལས་བཞེས་མི་ མགོན་པོ་ཚེ་དཔག་མེད་དེ་ སྐྱིད་ལུང་གཡུས་ཁར་ ལུང་བསྟན་མེདཔ་ལས་ ཀུར་སྟོད་བྱང་གཡུས་ཚན་ནང་ འཕུར་བྱོན་ཡོདཔ་བཞིན་དུ་ བྱང་པ་ཨམ་སྲུ་ཅིག་གིས་ ནོར་གྱི་རྩྭ་བརྔ་བའི་སྐབས་ལུ་ རྩྭའི་ནང་ མགོན་པོ་ཚེ་དཔག་མེད་བཞུགས་སུ་གསོལ་ཡོད་མི་དེ་ ཨམ་སྲུ་དེ་གིས་མ་མཐོང་པར་ ཕྱག་གཡོན་པའི་མཐེ་བོང་གུ་ ཟོརཝ་གིས་ཕོག་པའི་སྐབས་སུ་ ཨ་ཙ་ཟེར་བའི་གསུང་བྱོན་ཏེ་ ད་རེས་ནངས་པ་ མཐེ་བོང་གུ་ རྨ་ཀྲི་ཡང་མཇལ་ནི་ཡོད་ཟེར་ཨིན་པས།
ད་རུང་ བཤད་སྲོལ་ཅིག་ལས་འབད་བ་ཅིན་ མཁས་པ་ཚུ་གིས་ དུས་རབས་༦ པའི་ནང་ རྒྱལ་པོ་ཨ་ཤོ་ཀའི་སྐབས་ལུ་ བཞེས་ནུག་ཟེར་ཨིནམ་ད་ རབ་སྡེའི་བླམ་གནས་བརྟན་གྱིས་འབད་བ་ཅིན་ ཁ་གསལ་ཅིག་ཡིག་ཆ་ཚུ་ནང་ བཀོད་དེ་མིན་འདུག་ཟེར་ ཨིན་པས།
ཚེ་དཔག་མེད་ཀྱི་ནང་ན་ གཟུངས་བཞུགས་ག་ནི་ཡང་མེད་མི་དེ་འབད་རུང་ སངས་རྒྱས་ཀྱི་སྐུའི་རིང་བསྲེལ་དེ་ ཤངས་ནང་ན་ཡོདཔ་ལས་ རྫོང་གི་ནང་རྟེན་རྩ་ཅན་ བྱིན་བརླབས་ཅན་ཨིན་མི་དེ་ཡང་ རིལ་བསྲེལ་ཁྱད་པར་ཅན་ཡོད་མི་ལུ་བརྟེན་ཨིནམ་བཞིན་དུ་ མི་ཚུ་ལུ་ ཚེའི་དངོས་གྲུབ་ཞུ་ནིའི་གོ་སྐབས་ བཟང་པོ་ཅིག་ཨིན་ཟེར་ཨིན་པས།
མི་མང་གིས་ ཚེའི་དངོས་གྲུབ་ཞུ་ནིའི་དོན་ལུ་ ཧེ་མ་འབད་བ་ཅིན་ ཉིནམ་༥ ལས་བརྒལ་མེད་རུང་ ང་བཅས་ཀྱི་བརྒྱུད་ལུ་ ཚེ་བསོད་དབང་ཐང་ལ་སོགས་པ་དར་བའི་ཕྱིར་དུ་ ཉིན་གྲངས་༧ གྱི་རིང་བཞག་ཡོདཔ་ལས་ རང་ཟླ་༨ པའི་ཚེས་༡༥ ལུ་ མཇུག་བསྡུ་དོ་ཡོདཔ་ཨིན་པས།
 རབ་སྡེའི་བླམ་གནས་བརྟན་གྱིས་ བཤད་མིའི་ནང་ ཚེ་དཔག་མེད་ཀྱི་དབང་ཞུ་དགོ་མི་དེ་ཡང་ ཧེ་མ་ སངས་རྒྱས་ཤཱཀྱ་ཐུབ་པའི་སྐབས་ལུ་ ཚེ་ལོ་དཔག་མེད་སྦེ་ཡོད་རུང་ ཤུལ་ལས་ ཚེ་ལོ་སྟོང་དང་ ཚེ་ལོ་བརྒྱ་པ་ དེ་ལས་ གོ་རིམ་བཞིན་དུ་སྦེ་ མར་ཉམས་ཏེ་ ཚེ་ལོ་༡༠ པ་ལུ་ ལྷོད་ནི་ཨིནམ་ལས་ ཚེ་དབང་ཞུ་དགོཔ་གལ་ཆེ་ཟེར་ཨིན་པས།
དེ་མ་ཚད་ རྫོང་ཁག་དེ་ནང་གི་ རྒན་ཤོས་ཚུ་གིས་སླབ་མིའི་ནང་ སྔོན་དང་ཕུ་ལས་ར་ ཚེའི་དངོས་གྲུབ་ཀྱི་དོན་ལུ་ རྫོང་ཁག་ནང་གི་ནང་རྟེན་རྩ་ཅན་ ཚེ་དཔག་མེད་ཀྱི་དབང་ཞུ་ནི་ཡོད་ཟེར་ཨིནམ་མ་ཚད་ ལྷག་པར་ ན་ནི་ཚ་ནི་མང་སུ་ཡོད་མི་ཚུ་གིས་ དབང་ཞུ་བར་འོང་དོ་ཡོདཔ་ལས་ ནདཔ་ཚུ་གིས་ དབང་ཞུ་བར་ལྷོད་ཚུགས་པ་ཅིན་ དྲག་མི་ཡང་ཡོད་ཟེར་ ཨིན་པའི་གནས་ཚུལ།


ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment