གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཏམ་ཁུའི་ཞིབ་དཔྱད་སྐབས་ ཉེས་བྱ་དངུལ་ཀྲམ་༡༧༥,༠༠༠ བསྡུ་ལེན་འབད་ཡོདཔ།

༡༥/༡༠/༢༠༡༢   ༉ སྤ་རོ་ཚོང་འདུས་ལུ་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེའི་ འགོ་དཔོན་ཚུ་དང་ ཁྲིམས་སྲུང་འགག་པ་ཚུ་གིས་ མཉམ་འབྲེལ་ཐོག་ལས་ སྤྱི་ཟླ་༡༠ པའི་ཚེས་༡༡ ལུ་ ཧང་སྟོང་མར་ ཏམ་ཁུ་བཀག་འཛིན་གྱི་ བཅའ་ཁྲིམས་ལས་འགལ་བའི་ ལག་ལེན་ཞིབ་དཔྱད་འབད་མིའི་ནང་ ཉེས་བྱ་དངུལ་ཀྲམ་༡༧༥,༠༠༠ དེ་ཅིག་ བསྡུ་ལེན་འབད་ཡོདཔ་ཨིན་པས།


མཉམ་འབྲེལ་ཞིབ་དཔྱད་འབད་བའི་སྐབས་ ཁྲིམས་འགལ་གྱི་ སྙན་ཞུ་༡༧ བྱུང་ཡོདཔ་ད་ དེ་ནང་༡༡ ལས་སྡེ་ཁག་དང་ ལས་སྡེ་ཁག་གི་འབྲེལ་ཡོད་འགོ་དཔོན་ཚུ་གིས་ ཏམ་ཁུ་འཐུང་མ་ཆོག་པའི་ ས་ཁོངས་ཚུ་ནང་ ཏམ་ཁུ་འཐུང་མི་ཆོག་ཟེར་བའི་ བརྡ་བྱང་མེད་པའི་སྙན་ཞུ་ཐོག་ བཅའ་ཁྲིམས་དང་བསྟུན་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ རེ་ བཀལ་ཡོདཔ་ཨིན་པས།
དེ་ལས་ གནད་དོན་༨ པོ་དེ་ ཏམ་ཁུ་འཐུང་མ་ཆོག་པའི་ས་ཁོངས་ཚུ་ནང་ ཏམ་ཁུ་འཐུང་སྡོདཔ་ད་ བདའ་ཟུན་མི་ མི་ངོ་༨ ལུ་ ཉེས་བྱ་དངུལ་ཀྲམ་༥༠༠ རེ་ བཀལ་ཡོདཔ་ཨིན་པས།
འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེའི་ ལས་རིམ་གཙོ་འཛིན་འོག་མ་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ སྤ་རོ་ལུ་ མཉམ་འབྲེལ་ཞིབ་དཔྱད་ འགོ་འདྲེན་འཐབ་མི་དེ་ ཏམ་ཁུ་བཀག་འཛིན་བཅའ་ཁྲིམས་ཀྱིས་ དེ་བཟུམ་མའི་ ཞིབ་དཔྱད་འབད་དགོ་པའི་ དོན་ཚན་ཡོད་མི་དང་བསྟུན་ཏེ་ ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ བཅའ་ཁྲིམས་ཀྱི་ དགོངས་དོན་དང་བསྟུན་ ཐིམ་ཕུ་དང་ ཕུན་ཚོགས་གླིང་ བསམ་གྲུབ་ལྗོང་མཁར་གྱི་ ཁྲོམ་སྡེ་ཚུ་ནང་ དེ་བཟུམ་མའི་ ཞིབ་དཔྱད་ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ་ལས་ རྫོང་ཁག་དང་ ཁྲོམ་སྡེ་གཞན་ཚུ་ནང་ཡང་ ཞིབ་དཔྱད་དེ་བཟུམ་ འགོ་འདྲེན་འཐབ་དགོཔ་ཡོདཔ་ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཞིབ་དཔྱད་ཚུ་ གཙོ་བོ་ར་ གཞུང་དང་ སྒེར་གྱི་ཡིག་ཚང་ མགྲོན་ཁྱིམ་དང་ བཟའ་ཁང་ ཉལ་ཁང་དང་ གཞན་ཚོང་ལས་ས་ཁོངས་ཚུ་ནང་ ཞིབ་དཔྱད་འབད་ཡི་ཟེར་ཨིན་པས།
འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་གིས་ ཞིབ་དཔྱད་དེ་བཟུམ་ དུས་རྒྱུན་དུ་ འབད་དགོཔ་ཅིག་ཨིན་རུང་ ལས་སྡེ་གིས་ ཞིབ་དཔྱད་དེ་ འཕྲལ་སྐབས་མ་གཏོགས་འབད་ནི་མེད་མི་དེ་ཡང་ ལས་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ མི་སྟོབས་མ་ལང་པའི་ དཀའ་ངལ་ལུ་བརྟེན་ ཨིན་ཟེར་ཨིནམ་ད་ ད་རེས་ཀྱི་ གནས་སྟངས་ནང་ ལས་སྡེ་ལུ་ ཞིབ་དཔྱད་དེ་བཟུམ་ འགོ་འདྲེན་འཐབ་ནི་གི་འགན་འཁྲི་དེ་ མི་ངོ་༡ ལུ་ སྤྲོད་དེ་ཡོདཔ་ཨིན་ཟེར་ཨིན་པས།
དེ་མ་ཚད་ འགོ་དཔོན་དེ་ལུ་ ཞིབ་དཔྱད་འགོ་འདྲེན་འཐབ་མི་གིས་མ་ཚད་ མི་མང་དང་ སློབ་གྲྭ་ དེ་ལས་ ཁྲིམས་སྲུང་འགག་སྡེའི་མི་ངོ་ཚུ་ལུ་ གོ་བ་བརྡ་སྤྲོད་དང་ སྦྱོང་བརྡར་ལས་རིམ་ འགོ་འདྲེན་འཐབ་ནིའི་ འགན་འཁྲི་ཡང་ ཁོ་ལུ་ཕོགཔ་ཨིན་ཟེར་ཨིན་པས།
དེ་བཟུམ་མའི་ ཞིབ་དཔྱད་ཚུ་ ཁྲིམས་སྲུང་འགག་སྡེ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ འབད་དགོ་ནི་དེ་གིས་ མཉམ་འབྲེལ་ཞིབ་དཔྱད་ལས་རིམ་ འགོ་འདྲེན་འཐབ་ནིའི་ནང་ ཁྲིམས་སྲུང་འགག་སྡེ་ཚུ་ཡང་ ཁོང་རའི་ འགན་འཁྲི་དང་བསྟུན་པའི་ ལཱ་འགན་ཚུ་ཡོདཔ་ལས་ དོ་འགྲན་བྱུངམ་མས་ཟེར་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ཞིབ་དཔྱད་དེ་བཟུམ་ དུས་རྒྱུན་འགོ་འདྲེན་གྱི་དོན་ལུ་ འགོ་ཐོག་འགན་འཁྲི་དེ་གི་དོན་ལུ་ མི་ངོ་༥ དེ་ཅིག་ དགོ་ནི་མས་ཟེར་ཨིནམ་ད་ དེ་ཡང་ ལས་སྡེ་ལུ་ ཞིབ་དཔྱད་འགོ་དཔོན་ལོགས་སུ་ཡོད་པ་ཅིན་ ཏམ་ཁུ་བཀག་འཛིན་དང་འབྲེལ་བའི་ ཞིབ་དཔྱད་ཚུ་ དུས་རྒྱུན་འབད་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ལས་སྡེ་ལུ་ ཞིབ་དཔྱད་འགོ་དཔོན་༥ དེ་ཅིག་དགོ་པའི་ དགོས་མཁོ་བཀོད་དེ་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་གི་ བཀོད་ཚོགས་ནང་ གྲོས་འཆར་བཙུགས་ཡོདཔ་ད་ གྲོས་འཆར་དེ་ ཆ་འཇོག་འབད་བ་ཅིན་ མི་སྟོབས་ཀྱི་དོན་ལུ་ ཞི་གཡོག་ལྷན་ཚོགས་ནང་ དགོས་མཁོ་བཙུགས་ནི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ བཤད་མིའི་ནང་ མི་མང་དང་ གཙུག་སྡེ་ཁག་ དེ་ལས་ ཚོང་ལས་ཁང་ཚུ་གིས་ དེ་བཟུམ་མའི་ ཉེས་བྱ་མ་ཕོགཔ་སྦེ་ ཚུལ་མཐུན་གནས་ཐབས་ལུ་ འབད་དགོཔ་ཟེར་རུང་ ཏམ་ཁུ་འཐུང་མ་ཆོག་པའི་ ས་ཁོངས་ནང་ ཏམ་ཁུ་འཐུང་མི་ཆོག་ཟེར་བའི་ བརྡ་བྱང་ཅིག་ ལག་ལེན་འཐབ་ནི་དེ་ར་ ཨིན་ཟེར་ཨིནམ་ད་ དེ་ཡང་ གློག་རིག་ཐོག་འབྲི་ཐོག་ལས་ འབད་མ་ཚུགས་རུང་ ལགཔ་གིས་འབྲི་མི་ཅིག་ ལག་ལེན་འཐབ་རུང་ མ་བཏུབ་མེད་ཟེར་བཤད་ཅི།
དེ་མིན་ གཞན་བཟའ་ཁང་དང་ མགྲོན་ཁྱིམ་ ཉལ་ཁང་ཚུ་ནང་ ཏམ་ཁུ་འཐུང་སའི་ ས་གོ་ཚུལ་མཐུན་བཟོ་བཀོད་འབད་དགོཔ་ད་ དེ་ལས་ ཏམ་ཐུ་འཐུང་མ་ཆོག་པའི་ ས་གོ་དང་ ཁང་མིག་ཚུ་ནང་ ཏམ་ཁུའི་དུ་པ་ཐོནམ་ད་ ཉེན་བརྡ་འབད་མིའི་ འཕྲུལ་ཆས་ཚུ་ཡང་ བཙུགས་དགོཔ་སྦེ་ བཅའ་ཁྲིམས་ནང་ བཀོད་ཡོདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment