གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཟླཝ་༦ ཕྱིར་འགྱངས་འབད་མི་ སོ་ནམ་ཞིང་ལམ་བསལ་ནིའི་ལཱ་ ལོག་འགོ་བཙུགས་ནི།

༣/༡༠/༢༠༡༢   ༉ མོང་སྒར་རྫོང་ཁག་ ས་གླིང་རྒེད་འོག་ རེ་ས་གཡུས་ཚན་ནང་ སོ་ནམ་ཞིང་ལམ་ ཀི་ལོ་མི་ཊར་༡༠ དེ་ཅིག་ སེལ་བའི་བསྒང་ཡོད་མི་དེ་ གནམ་བྱཱར་ཆར་ཆུའི་སྐབས་ ལས་མི་ཚུ་གི་ཚེ་སྲོག་ལུ་ ཉེན་ཁ་ཡོདཔ་ལས་བརྟེན་ གནས་སྐབས་ཅིག་མཚམས་འཇོག་འབད་བཞག་སྟེ་ ཟླཝ་༦ དེ་ཅིག་ལང་བའི་ཤུལ་ལུ་ ད་རེས་ཀྱི་བདུན་ཕྲག་ལས་ ལཱ་ལོག་འབད་ནི་འགོ་བཙུགས་ནི་ཨིན་པས།
རྐང་སྟོང་འགྱོ་མི་ རེ་ས་གཡུས་ཚན་གྱི་མི་ཚུ།
འཕྲལ་མགྱོགས་ར་ ལོག་འཕྲོ་མཐུད་བསལ་ནི་ཨིན་མི་ རེ་སའི་སོ་ནམ་ཞིང་ལམ།


རིང་ཚད་ཀི་ལོ་མི་ཊར་༡༠ དེ་ཅིག་འབད་མི་ རེ་སའི་སོ་ནམ་ཞིང་ལམ་དེ་ སྤྱི་ལོ་༢༠༠༩ གི་ལོ་ཕྱེད་དེ་ཅིག་ལས་ ལམ་བསལ་ནི་འགོ་བཙུགས་ཡོད་རུང་ ད་ལྟོ་ཚུན་ ཀི་ལོ་མི་ཊར་༤ དེ་ཅིག་ལས་བརྒལ་ སེལ་མ་ཚུགས་པའི་ཁར་ ལམ་བསལ་ནིའི་དོན་ལུ་ ཟད་འགྲོ་ དངུལ་ཀྲམ་ས་ཡ་༧ ལྷག་ཙམ་གནས་མི་དེ་ ལམ་དེ་ བྱག་གི་རྐེད་པ་ལས་ཕར་སེལ་དགོ་ནི་དེ་གིས་ཨིན་པས།
ལམ་སེལ་གྱི་ལཱ་འགོ་ཐོག་དེ་ཡང་ ཟླ་བ་ཁག་འབགཔ་གིས་འབད་ཡོདཔ་ད་ ལམ་དེ་ ཀི་ལོ་མི་ཊར་༡ དེ་ཅིག་ཡང་བཏོན་མ་ཚུགསཔ་ལས་ མ་དངུལ་རྫོགས་ཏེ་ ཟླཝ་ལས་བཅད་དེ་ ལཱ་འབད་འཕྲོ་སྦེ་ ལུས་ཡོདཔ་ཨིན་རུང་ དེ་གི་ཤུལ་ལས་ མི་ཕམ་ཁག་འབགཔ་གིས་ལེན་ཏེ་ ལཱ་འབད་ནི་འགོ་བཙུགས་རུང་ ཁག་འབག་དེ་གིས་ཡང་ ཀི་ལོ་མི་ཊར་༢ དེ་ཅིག་ལས་བསལ་མ་ཚུགས་པར་ཡུན་འགྱངས་ལུས་ཡོདཔ་ཨིན་པས།
འདི་གི་ཤུལ་ལས་ རྫོང་ཁག་གིས་ མ་དངུལ་གྱི་ཁེ་ཕན་ལུ་དམིགས་ཏེ་ སོ་ནམ་ལྷན་ཁག་འོག་གི་ སོ་ནམ་འཕྲུལ་ཆས་ལྟེ་བ་ལས་ ས་བརྐོ་འཕྲུལ་ཆས་ ཨེསི་ཀེ་ཝེ་ཊར་དང་ འཕྲུལ་ཆས་ཀཱམ་པཱེ་རེ་སར་ལེན་ཐོག་ལས་ ལམ་བསལ་ཡོད་རུང་ ལོ་ཕྱེད་དང་༢ ཀྱི་ནང་འཁོད་ ལམ་དེ་ བཱག་ཙ་ལོ་ཟེར་སར་ལས་བརྒལ་ལྷོད་མ་ཚུགསཔ་ཨིན་པས།
ས་གླིང་རྒཔོ་ བསོད་ནམས་ཡེ་ཤེས་ཀྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ སོ་ནམ་ཞིང་ལམ་བསལ་ནི་ལུ་ གདོང་ལེན་སྦོམ་ཡོད་མི་དེ་ཡང་ ལམ་བཏོན་སའི་ས་ཁོངས་དེ་ རྡོ་དང་བྱག་གུ་ལས་ཕར་བསལ་ན་མ་གཏོགས་ གཞན་ལས་བསལ་སའི་ཐབས་ལམ་མེདཔ་ལས་ ལཱ་གི་གྲུབ་འབྲས་བཏོན་ཚུགས་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
ད་རེས་ནངས་པ་ རེ་ས་གཡུས་ཚན་ནང་འགྱོ་དགོ་པ་ཅིན་ རྐང་སྟོང་སྦེ་ ཉིན་ལམ་ཅིག་འགྱོ་དགོཔ་ལས་ རྒེད་འོག་གིས་ ལམ་བཏོན་ནི་ལུ་རྩ་འགེངས་ཏེ་འབད་དོ་ཡོདཔ་ལས་ ལམ་དེ་ ཏོ་ཀ་ཕུང་ཟེར་སའི་ ས་གནས་ཁར་ལྷོད་ཚུགས་རུང་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
གཡུས་མི་ཚུ་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ ལམ་མགྱོགས་དྲག་སྦེ་བསལ་མ་ཚུགས་མི་དེ་ བྱག་དང་ རྡོ་ཡོད་མི་རྐྱངམ་གཅིག་མེན་པར་ གནད་དོན་གཞན་ཡང་ ལམ་སེལ་ལྟ་རྟོག་པ་གིས་ ལཱ་གི་འགོ་ཁྲིད་ ལེགས་ཤོམ་འབད་མ་བཏུབ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ལས་མི་ཚུ་ ཉིན་གྲངས་ལས་བཅད་དེ་ ལཱ་མེད་པར་བསྒུག་བཞག་ནི་དེ་གིས་ ལཱ་ཤུགས་བཏོན་མ་ཚུགསཔ་ད་ འཁོར་ལམ་དེ་ མི་སྡེ་ལུ་ཕན་ཐོགས་ཚུགས་པའི་ལམ་ཅིག་ཨིན་རུང་ ལཱ་ཕྱིར་འགྱངས་སྦེ་ལུས་མི་གིས་ མི་སེར་ལུ་ དཀའ་ངལ་བྱུངམ་མས་ཟེར་ གཡུས་མི་ཅིག་གིས་སླབ་ཨིན་པས།
འཁོར་ལམ་བསལ་ནི་འགོ་བཙུགས་ཏེ་ ལོ་༤ མཐར་འཁྱོལ་ཅན་གྱི་གྲུབ་འབྲས་བྱུང་མ་ཚུགས་མི་དེ་ ལཱ་གི་ལྟ་རྟོག་ལེགས་ཤོམ་འབད་མི་མེད་ནི་དེ་གིས་ ཨིན་ཟེར་ཨིན་པས།
འདས་པའི་ཟླཝ་གི་ བདུན་ཕྲག་ཧེ་མའི་ནང་ རེ་ས་ལུ་སྦེ་ མི་སེར་དང་ རྒེད་འོག་འགོ་ཁྲིདཔ་ཚུ་གིས་ ཞལ་འཛོམས་ཅིག་ཡང་འཚོགས་ཡོདཔ་ད་ མི་སེར་ཚུ་གིས་ ལཱ་གི་ལྟ་རྟོག་པ་དེ་ སོར་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
རྒེད་འོག་འགོ་ཁྲིདཔ་ཚུ་གིས་ སླབ་མིའི་ནང་ རེ་ས་གཡུས་ཚན་གྱི་མི་སེར་ཚུ་ ལམ་བསལ་ནིའི་དོན་ལུ་ ལཱ་སར་འཐོན་ནི་དེ་ ལཱ་ཁག་ཡོདཔ་ལས་ མི་སེར་ཚུ་གིས་འབད་རུང་ བསམ་བློ་བསྒྱུར་བཅོས་འབད་དེ་ ལམ་སེལ་གྱི་ལཱ་ལུ་རྩ་འགེངས་པ་ཅིན་ ཁོང་ར་ལུ་ ཕན་ཐོགས་ཚུགས་ཟེར་ཨིན་པས།
རེ་ས་སོ་ནམ་ཞིང་ལམ་དེ་ ཀི་ལོ་མི་ཊར་༡༠ དེ་ཅིག་ལས་བརྒལ་ སེལ་ནི་མེད་དེ་འབད་རུང་ ད་ལྟོ་ཚུན་ ཀི་ལོ་མི་ཊར་༤ དེ་ཅིག་སེལ་ཚུགས་ཚུགས་ལུ་ ལམ་གྱི་ལྟ་རྟོག་པ་༢ སོར་ཡོདཔ་ད་ ད་རུང་ ད་རེས་ཀྱི་ལྟ་རྟོག་པ་སོར་ནི་ཨིན་མི་དེ་གིས་ བསྡོམས་ ལྟ་རྟོག་པ་༣ སོར་དགོ་ནི་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ དུས་ཅི་ ལམ་འཕྲོ་མཐུད་བསལ་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ འབུམ་༡༣ དེ་ཅིག་ལས་བརྒལ་མེད་རུང་ འཆར་གཞི་༡༡ པའི་ནང་ དངུལ་ཀྲམ་ས་ཡ་༩ དེ་ཅིག་ འཐོབ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
ད་རེས་ནངས་པ་ རེ་ས་གཡུས་ཚན་ནང་ ཁྱིམ་གུང་པ་༣༥ དེ་ཅིག་ཡོདཔ་ཨིནམ་ད་ གཡུས་ཚན་ནང་ སོ་ནམ་ཞིང་ལམ་ལྷོད་ཚུགས་ནི་ལུ་ ད་རུང་ ལོ་དག་པ་ཅིག་འགོར་ནི་ཨིནམ་ད་ སོ་ནམ་ཞིང་ལམ་དེ་ བསལ་ཚར་བའི་བསྒང་ལས་ མི་སེར་སོ་ནམ་པ་ཚུ་གིས་ ཚལ་ལུའི་ཚོང་འབྲེལ་གྱི་ གོ་སྐབས་སྦོམ་ཡོདཔ་ཨིན་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment