གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་ལོ་༥ ལང་མི་ ཨ་ལུ་༡ སྣུམ་འཁོར་གྱིས་བསྣད་ཡོདཔ།

༨/༡༠/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ལྕང་འབངས་འབྲུ་གི་ ས་ཁོངས་ནང་ དོས་འབག་མི་ སྣུམ་འཁོར་ཌི་སི་ཨེམ་ཊཱག་ཅིག་གིས་ སྐྱེས་ལོ་༥ ལང་མི་ ཨ་ལུ་ཅིག་ ཁ་འཐུམ་མར་བསད་ནུག།
རྐྱེན་ངན་བྱུང་པའི་སྐབས་ ལམ་ལྟག་གི་ ཁྱིམ་ཅིག་ནང་ སྒོ་སྒྲིག་གི་ ཤེལ་འཕྱག་སྡོདཔ་ད་ མཐོང་ཡོད་མི་ཅིག་གིས་ སླབ་མིའི་ནང་ སྣུམ་འཁོར་དེ་ ཤུགས་ཚད་ལས་བརྒལ་མ་འོང་རུང་ ཨ་ལུ་དེ་ ལམ་འོག་ལས་ རྒྱུག་འོངམ་ད་ སྣུམ་འཁོར་ཊཱག་གུ་ཕོག་སྟེ་ ས་ཁར་རྦོབ་རིལ་བའི་སྐབས་ མཇུག་གི་འཁོར་ལོའི་འོག་ལུ་ མགུ་ཏོ་ཚུད་སོ་ཡི་ཟེར་ཨིན་པས།



ཚེ་འདས་དེ་ ས་ཁོངས་དེ་ཁའི་ ལམ་ལྟག་ལུ་ཡོད་མི་ ཨེ་བི་ཤ་ཁང་གི་ ཇོ་བདག་གི་ ཨ་ལུ་ཨིནམ་ད་ རྐྱེན་ངན་བྱུང་པའི་སྐབས་ལུ་ ཨ་ལུ་ཁྱིད་འོང་མི་ ག་ཡང་མེདཔ་ཨིན་པས།
ས་གནས་གཞན་ཁར་ སྡོད་མི་ཚུ་གིས་ཡང་ སྣུམ་འཁོར་དེ་ ཤུགས་ཚད་ལས་བརྒལ་བཏང་འོང་སར་ མ་མཐོང་ཟེར་ བཤད་པའི་ཁར་ ཤུགས་ཚད་ལས་བརྒལ་ འོང་པ་ཅིན་ སྣུམ་འཁོར་གྱི་ བཀག་འཕྲུལ་ལག་ལེན་འཐབ་པའི་ སྐད་གོ་གོཝ་འོང་ཟེར་ སླབ་ཨིན་པས།
རྐྱེན་ངན་བྱུང་སའི་ སྦོ་ལོགས་ཁ་ལས་ ཚོང་པ་༢ ཀྱིས་ སླབ་མིའི་ནང་ ཁོང་གིས་ མི་ཚུ་སྐད་རྐྱབ་སྟེ་ འུར་བྱེལ་འཐབ་པའི་སྐབས་རྐྱངམ་གཅིག་ ཧ་གོ་ཡི་ཟེར་ཨིནམ་ད་ སྣུམ་འཁོར་དེ་ ཤུགས་ཚད་ལས་བརྒལ་ འོང་འོངམ་འབད་བ་ཅིན་ བཀགཔ་ད་ སྐད་ཤུགས་སྦེ་ གོ་གོ་འོང་ཟེར་ སླབ་ཨིན་པས།
སྣུམ་འཁོར་དེ་ནང་ དོས་ཡང་ལྟེམ་ལྟེ་སྦེ་ བཙུགས་ཡོད་པའི་ཁར་ རྐྱེན་བྱུང་སའི་ ས་ཁོངས་ཡང་ ལམ་བསྒོར་ལྟབ་ཁར་ཨིནམ་ལས་ ཤུགས་ཚད་ལས་བརྒལ་ གཏང་ནི་གི་ འོས་འབབ་ཡང་མེདཔ་ཨིན་པས།
བཀྲིས་གཡང་རྩེ་ལས་ཨིན་མི་ སྣུམ་འཁོར་གྱི་ དེད་གཡོགཔ་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོདཔ་ད་ ཁོ་གི་སྣུམ་འཁོར་དེ་ཡང་ ཁྲིམས་སྲུང་འགག་པ་གིས་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
མ་གཞི་ དེ་བཟུམ་མའི་ རྐྱེན་ངན་ཚུ་ ཤི་མི་ཉམས་རྒུདཔ་ཁོང་རའི་ སེམས་བག་གཡེང་ལུ་བརྟེན་ བྱུང་མི་རེ་ཐོན་རུང་ སྣུམ་འཁོར་གྱིས་ མི་དང་སེམས་ཅན་བསད་པ་ཅིན་ ཁྲིམས་སྲུང་འགག་པའི་ ལམ་ལུགས་ནང་ དེད་གཡོགཔ་གི་ སེམས་བག་གཡེང་ལུ་བརྟེན་པའི་ རྐྱེན་ངན་ཨིནམ་སྦེ་ བརྩི་འཇོག་ཐོག་ ཉེས་བཙུགས་འབད་དེ་ ཁྲིམས་ཀྱི་འདུན་སར་ གཏང་ནི་ཡོད་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གི་ བཤདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་ གཞན་ཅིག་གིས་ སླབ་མིའི་ནང་ རྐྱེན་ངན་དེ་དང་འབྲེལ་བའི་ ཞིབ་དཔྱད་འཐིལ་ཕྱིན་འབད་དེ་ དེད་གཡོག་པ་རྐྱངམ་གཅིག་ལུ་མིན་པར་ ཤི་རྐྱེན་བྱུང་མིའི་ ཁ་ཐུག་ལས་ཡང་ སེམས་བག་གཡེང་ཤོར་བའི་ སྒྲུབ་བྱེད་རེ་ཐོན་པ་ཅིན་ དེད་གཡོགཔ་དེ་ལུ་ ཉེས་འཛུགས་འབད་བའི་སྐབས་ ཁྲིམས་ཀྱི་ཡངས་ཆག་དུམ་གྲ་རེ་ བྱིན་ནི་གི་ འོས་འབབ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༣༣ ལང་མི་ དེད་གཡོགཔ་དེ་ རྐྱེན་ངན་དེ་གི་སྐོར་ལས་ ཞིབ་དཔྱད་འབད་ཚར་བའི་ཤུལ་ལུ་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་དེ་ རྩོད་བཤེར་མཇུག་མ་བསྡུ་ཚུན་ཚོད་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ ལུས་ནི་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment