གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧིང་ནང་ཚུད་མི་གཟིག་ ལོག་ནགས་ཚལ་ནང་བཏང་ཡོདཔ།

༨/༡༠/༢༠༡༢   ༉ སྤྱི་ཟླ་༡༠ པའི་ཚེས་༤ གི་ནུབ་མོར་ མོང་སྒར་ཀ་ལ་སྤང་ལུ་ ཤིང་སྒྲོམ་གྱིས་བཟོ་མི་ ཧིང་ནང་ཚུད་མི་ གཅན་གཟན་གཟིག་དེ་ ནགས་ཚལ་འགོ་དཔོན་ཚུ་གིས་ ཁ་ཙ་ ཚལ་མ་ནང་ ལོག་བཏང་ཡོདཔ་ཨིན་པས།
རི་དྭགས་སྲུང་སྐྱོབ་སྡེ་ཚན་གྱི་ ནགས་ཚལ་འགོ་དཔོན་གཙོ་འཛིན་ བསོད་ནམས་དབང་ཕྱུག་གིས་འབད་བ་ཅིན་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ མི་སྡོད་ས་ལས་ ས་ཐག་རིང་བའི་ བཀག་འཛིན་ཅན་གྱི་ ནགས་ཚལ་ཅིག་ནང་ གཟིག་དེ་ ལོག་བཏང་ཡི་ཟེར་ཨིན་པས།



ཨིན་རུང་ སེམས་ཅན་དེ་ ས་གནས་ག་ཏེ་ལུ་ ལོག་བཏང་ཡོདཔ་ཨིན་ནའི་སྐོར་ལས་ སླབ་མ་བཏུབ་ད་ དེ་སྦེ་ གསང་བཞག་དགོ་མི་དེ་ཡང་ མི་ཚུ་གི་སེམས་ཁར་ དོགས་སྣང་མི་འབྱུང་ནི་དང་ གཅན་གཟན་ཅན་དེ་ལུ་ མི་གིས་ གནོད་སྐྱོན་མི་རྐྱབ་ནིའི་དོན་ལུ་ཨིན་ཟེར་ སོད་ནམས་དབང་ཕྱུག་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྐྱེས་ལོ་༨ དེ་ཅིག་ལང་མི་ གཟིག་མོ་དེ་ གཟུགས་སྟོབས་སྒྲིང་སྒྲིང་སྦེ་ཡོད་ནི་དེ་གིས་ རྟ་རྦབ་ལུ་ཡོད་པའི་ རི་དྭགས་ཉམས་གསོ་ལྟེ་བའི་ནང་ བཞག་དགོཔ་མ་ཐོན་ཟེར་ཨིན་པས།
ད་རེས་ཚུན་ གཟིག་དེ་གིས་ ཀ་ལ་སྤང་ལུ་ གནོདཔ་བཀལ་མི་དེ་ཡང་ གཙོ་བོ་ར་ གཟིག་དེ་ གཞོནམ་འབད་ནི་དེ་གིས་ ལྟོ་འཚོལ་བར་འགྱོ་བའི་སྐབས་ ལམ་འཛོལ་ཏེ་ མི་སྡོད་སའི་ས་ཁོངས་ནང་ ལྷོད་སོཔ་བཟུམ་ཅིག་ཨིན་མས་ཟེར་ བསོད་ནམས་དབང་ཕྱུག་གིས་ སླབ་ཨིན་པས།
རི་དྭགས་སེམས་ཅན་ཚུ་ མི་ཚུ་དང་གཅིག་ཁར་ ཡུན་རིངམོ་སྦེ་ སྡོད་པའི་བསྒང་ལས་ ཁོང་གི་བྱ་སྤྱོད་ཚུ་ཡང་ འགྱུར་འགྱོ་དོ་ཡོདཔ་ལས་ གཟིག་མོ་དེ་ ད་རེས་ ལོག་བཏང་ཡོདཔ་ཨིན་རུང་ གཟིག་ཕོ་ཚུ་དང་ འབྲེལ་བ་འཐབ་ནི་ལུ་ ལཱ་ཁག་རྐྱབ་འོང་ཟེར་ ཁོ་གིས་ སླབ་ཨིན་པས།
རྟ་རྦབ་རི་དྭགས་ཉམས་གསོ་ལྟེ་བའི་འགོ་འཛིན་ ཀུན་བཟང་རྒྱལ་མཚན་གྱིས་ བཤད་མིའི་ནང་ ཁོང་གིས་ ཤིང་གི་སྒྲོམ་དེ་ ཁ་ཕྱེཝ་ཅིག་ གཟིག་མོ་དེ་ ནགས་ཚལ་ནང་ མཆོངས་ཡར་སོ་ཡི་ཟེར་ཨིནམ་ད་ གཟིག་བཏང་སའི་ ནགས་ཚལ་དེ་ འགྲུལ་འཁོར་ལམ་ལས་ ཀི་ལོ་མི་ཊར་༣ དེ་ཅིག་གི་ ས་ཁར་ཨིན་ཟེར་ སླབ་ཨིན་པས།
གཟིག་དེ་གིས ཀ་ལ་སྤང་ལུ་ ནོར་༨ དང་ བྱམོ་ལེ་ཤ་ཅིག་ བསད་ཡོདཔ་མ་ཚད་ ཕགཔ་༡ དང་ ར་ཅིག་ཡང་ ནདཔ་བཏོན་ཡོདཔ་ད་ སྤྱི་ཟླ་༡༠ པའི་ཚེས་༣ གྱི་ཕྱི་རུ་ལས་ ཤིང་སྒྲོམ་གྱི་ཧིང་དེ་ གཟིག་དེ་གིས་ འགྲོ་འགྲུལ་འཐབ་སའི་ལམ་ཁར་ གེ་ཟའི་ཞིང་ནང་ བཙུགས་བཞག་ཡོདཔ་ཨིན་པས།
རི་དྭགས་སྲུང་སྐྱོབ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཤིང་སྒྲོམ་གྱི་ཧིང་དེ་ སེམས་ཅན་སྲོག་སྐྱབས་ཀྱི་ ལས་བྱེདཔ་ཚུ་དང་ གཡུས་མི་ཚུ་ མཉམ་རུབ་ཐོག་ལས་ བཟོ་བཀོད་འབད་ཡི་ཟེར་ཨིནམ་ད་ གཅན་གཟན་དེ་ བཟུང་ནིའི་དོན་ལུ་ འགོ་དཔོན་ཚུ་གིས་ ས་གནས་ནང་ ལན་ཐེངས་ལེ་ཤ་ཅིག་ར་ སོང་ཡི་ཟེར་ཨིན་པས།
འབྲུག་ལུ་ གཟིག་ཚུ་གིས་ མང་ཤོས་ཅིག་ར་ ཀ་ཤའི་རིགས་ཚུ་ བཟའ་དོ་ཡོདཔ་ད་ ད་རེས་ནངས་པ་ གཟིག་དང་ གཟིག་གིས་བཟའ་མི་ སེམས་ཅན་ཚུ་གི་བར་ནའི་ འབྲེལ་བ་གི་སྐོར་ལས་ ཞིབ་འཚོལ་ཅིག་ འབད་བའི་བསྒང་ཡོད་ཟེར་ རི་དྭགས་སྲུང་སྐྱོབ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ སླབ་ཡོད་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment