གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁུར་ཆའི་ལྗིད་ཚད་དང་བསྟུན་པའི་ གླ་ཆ་ལེན་དགོཔ།

༨/༡༠/༢༠༡༢   ༉ བསམ་རྩེ་ལས་ སྐྱེས་ལོ་༤༤ ལང་མི་ བུ་དྷ་རའེ་དེ་ འཕྲལ་འཕྲལ་སྦེ་ར་ འགྲུལ་སྐྱེལ་བཱསི་ནང་སྦེ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བར་འོངམ་ད་ དེད་གཡོགཔ་ཚུ་གིས་ ཀེ་ཇི་༡༥ དེ་ཅིག་འབད་མི་ ཤོག་སྒྲོམ་རེ་ལུ་ གླ་ཆ་དངུལ་ཀྲམ་༡༥༠ དེ་རེ་ ལེན་དོ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་དང་གཅིག་ཁར་ ཁུར་ཆ་ལྗིད་ཚད་ ཀེ་ཇི་༢༠ གླ་ཆ་མ་ཕོགཔ་སྦེ་ འབག་ཆོགཔ་ཨིནམ་ རྩ་ལས་ར་ མ་ཤེས་ཟེར་ཨིན་པས།

ཐིམ་ཕུ་ལུང་བསྟན་ཟམ་པའི་ འགྲུལ་སྐྱེལ་བཱསི་གི་ ཐོན་འཛུལ་ས་ཁོངས་ནང་ འགྲུལ་པ་ཚུ་ བཱསི་གུ་ ཁུར་ཆ་བཀལ་བའི་བསྒང་།


ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་བཟོ་མི་ དོས་གླ་དང་འཁྲིལཝ་ད་ མི་དང་གཅིག་ཁར་ ཁུར་ཆ་ཀེ་ཇི་༢༠ གླ་ཆ་མ་ཕོགཔ་སྦེ་ འབག་ཆོག་པའི་ཁར་ དེ་ལས་ལྷག་སྟེ་འབག་དགོ་པ་ཅིན་ ལྗིད་ཚད་ཀེ་ཇི་༡༠ ལུ་ ཀི་ལོ་མི་ཊར་རེ་ལུ་ གླ་ཆ་ཕྱེད་ཀྲམ་༡༠ རེ་ ཕོགཔ་ཨིན་པས།
དཔེ་འབད་བ་ཅིན་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་བར་ན་ ཀི་ལོ་མི་ཊར་༡༧༡ ཡོདཔ་ལས་ ཁུར་ཆ་ཐེབས་འབག་པ་ཅིན་ དངུལ་ཀྲམ་༡༧ ཕོག་ནི་ཨིན་པས།
ད་རུང་ བསམ་རྩེ་ལུ་འགྱོ་མི་ འགྲུལ་པ་གཞན་ ཆ་མི་ལི་གིས་ སླབ་མིའི་ནང་ ཁོ་གིས་ བེག་དང་ ཤོག་སྒྲོམ་༢ བསྡོམས་རུང་ ལྗིད་ཚད་ཀེ་ཇི་༢༠ མ་ལང་རུང་ གླ་འཐུས་དངུལ་ཀྲམ་༢༠ འབག་ཤོག་ཟེར་ སླབ་མས་ཟེར་ཨིན་པས།
འགྲུལ་སྐྱེལ་བཱསི་བཏང་མི་ དེད་གཡོགཔ་དང་ ལས་རོགས་ཚུ་གིས་ སླབ་མིའི་ནང་ ཁུར་ཆའི་ ལྗིད་ཚད་འཇལ་ནི་དེ་ དུས་ཚོད་འཕྲོ་བརླག་བཏང་པའི་ གཞི་ཅིག་ཨིནམ་ལས་ ཁུར་ཆའི་སྦོམ་ཆུང་དང་འཁྲིལ་ཏེ་ དམའ་ཤོས་དངུལ་ཀྲམ་༥༠ རེ་ལེན་དོ་ཟེར་ཨིན་པས།
ཨིན་རུང་ ས་གོ་ནང་ ལྗིད་ཚད་འཇལ་འཕྲུལ་ཡོད་པ་ཅིན་ དུས་ཚོད་འགོར་རུང་ སྟབས་བདེ་ནི་མས་ཟེར་ གསེར་ཉ་འགྲུལ་སྐྱེལ་བཱསི་གི་ དེད་གཡོགཔ་ཉི་མ་ཏ་མང་གིས་ སླབ་ཨིན་པས།
བཱསི་གི་ དེད་གཡོགཔ་ཅིག་གིས་ སླབ་མིའི་ནང་ བཱསི་བཞག་སའི་ ས་ཁོངས་ནང་ ཁུར་ཆ་འཇལ་འཕྲུལ་གྱི་ མཐུན་རྐྱེན་བཙུགས་ནི་དེ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ལུ་ ཕོགཔ་ཨིན་ཟེར་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ལྗིད་ཚད་འཇལ་ནིའི་ འཕྲུལ་ཆས་བཙུགས་རུང་ སྟབས་མ་བདེཝ་དེ་ར་ ལམ་གྱི་བར་ན་ལས་ ཐོནམ་མས་ཟེར་ཨིན་པས།
དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འགྲུལ་སྐྱེལ་བཱསི་གི་ ཇོ་བདག་ཚུ་གིས་ ནམ་ར་འབད་རུང་ ལག་ལེན་འཐབ་ཚུགས་པའི་ རང་སོའི་ལྗིད་ཚད་འཇལ་འཕྲུལ་ བཞག་དགོ་ཟེར་ཨིན་པས།
ཨིན་རུང་ བཱསི་གི་ ཇོ་བདག་ཚུ་གིས་འབད་བ་ཅིན་ ལྗིད་ཚད་འཇལ་འཕྲུལ་དེ་ ཕུན་ཚོགས་གླིང་ལུ་རྐྱངམ་གཅིག་ ལག་ལེན་འཐབ་མ་གཏོགས་ རྫོང་ཁག་གཞན་ག་ཏེ་ཡང་ འཐབ་ནི་མེད་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ ལྗིད་ཚད་འཇལ་འཕྲུལ་༡ ཡོད་མི་དེ་ཡང་ ཁུར་ཆ་མང་དྲགས་པའི་ དོགས་པ་ཡོདཔ་ད་རྐྱངམ་གཅིག་ ལག་ལེན་འཐབ་མས་ཟེར་ གདུགས་སྐྱེལ་འདྲེན་གྱི་ཇོ་བདག་ ཀུན་ལེགས་རྒྱལ་པོ་གིས་ སླབ་ཨིན་པས།
ད་རེས་ནངས་པ་ ཐིམ་ཕུ་ལས་ རྫོང་ཁག་གཞན་ཁར་ འགྲུལ་སྐྱོད་འབད་མི་ འགྲུལ་སྐྱེལ་བཱསི་བསྡོམས་༧༦ ཡོདཔ་ཨིན་པའི་གནས་ཚུལ།


ནོར་འཛིན་ལྷ་མོ།

No comments:

Post a Comment