གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་གིས་འཕྱགས་བདའ་མི་ ཕོ་སྐྱེས་༢ ལས་༡ གི་ཕུངམ་ཐོབ་ཡོདཔ།

༤/༡༠/༢༠༡༢     ༉ སྤྱི་ཟླ་༩ པའི་ཚེས་༢༤ གི་ཉིན་མ་ མོང་སྒར་རྫོང་ཁག་ དགོངས་འདུ་རྒེད་འོག་ལས་ སྐྱེས་ལོ་༥༠ ང་གྲངས་ནང་འབད་མི་ ཕོ་སྐྱེས་༢ ཀྱིས་ ཁོང་རའི་ གཡུས་ཚན་གྱི་མཇུག་ལུ་ཡོད་པའི་ ར་ད་ལི་སྒང་ཟེར་མི་ཆུ་ནང་ ཉ་བཟུང་པར་ འགྱོ་བའི་སྐབས་ལུ་ ཆུ་གིས་འཕྱགས་བདའ་་ཡོདཔ་ལས་ ཕོ་སྐྱེས་༡ གི་ཕུངམ་དེ་ སྤྱི་ཟླ་༡༠ པའི་ཚེས་༡ གི་ཉིན་མ་ ཁེངས་ཡངས་བཱ་རི་གཡུས་ཚན་གྱི་ མཇུག་ལས་ཐོབ་ཡོད་རུང་ ཕུངམ་གཞན་མི་དེ་ ད་ལྟོའི་བར་ན་ཡང་ ཐོབ་མ་ཚུགས་པར་ཡོདཔ་ཨིན་པས།


དེ་མ་ཚད་ རྒེད་འོག་གི་ འགོ་ཁྲིདཔ་ཚུ་དང་ ཝེ་རིང་ལ་དྲུང་ཁག་གི་ འགོ་དཔོན་དང་ ཁྲིམས་སྲུང་འགག་པ་བཅས་ ཡོངས་བསྡོམས་མི་གྲངས་༤༠ ལྷགཔ་ཅིག་གིས་ ར་ད་ལི་སྒང་ཆུ་བདའ་སྟེ་ ཚེ་འདས་༢ ཀྱི་ ཕུངམ་འཚོལ་ཏེ་ ཉིནམ་༣ དེ་ཅིག་སོང་རུང་ རྩ་ལས་ར་ ཐོབ་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ ཚེ་འདས་༡ གི་ཕུངམ་དེ་ ཁེངས་ཡངས་བཱ་རི་གི་མཇུག་ལུ་ གཞལམ་སྒང་རྫོང་ཁག་ འབྱོག་སྒར་མི་སེར་ཚུ་གིས་ ཆུ་ནང་མཐོང་ཡོདཔ་ལས་ ཁ་ཉིནམ་ དེ་འཕྲོ་ལས་ རྒེད་འོག་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ངོས་འཛིན་འབད་བར་སོང་ཡི་ཟེར་ རྒེད་འོག་གི་ འགོ་ཁྲིདཔ་ཅིག་གིས་ སླབ་ཨིན་པས།
ཕུངམ་འཚོལ་བར་སོང་མི་ དགོངས་འདུ་རྒཔོ་ དཀོན་མཆོག་ཚེ་རིང་གིས་ སླབ་མིའི་ནང་ མི་ཚུ་གིས་ ཆུའི་མཐའམ་བདའ་སྟེ་ འཚོལ་བའི་སྐབས་ ཆུའི་མཐའ་མར་ རྐང་རྗེས་མཐོང་ཡོདཔ་ལས་ ཆུ་ཆུང་ཀུ་དང་ སྦོམ་༢ འཛོམས་ཡོད་མི་ལས་ ཆུ་ཆུང་ཀུ་བརྒལ་ཏེ་ སྦོམ་ཡོད་སར་ ཉ་བཟུང་པར་འགྱོ་ནིའི་ དཔའ་བཅམ་ད་ ཆུའི་གཏིང་ཚད་ རིངམོ་ཡོདཔ་ལས་ ཁོང་༢ ཆ་ར་ ཆུ་ནང་ཐིམ་སོ་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྐྱེན་ངན་དེ་ དག་ས་ལྷ་ཁང་ནང་ ལོ་བསྟར་གནང་སྲོལ་ཡོད་མི་ ཉིན་གྲངས་༣ གྱི་ ཚེས་བཅུའི་སྐབས་ལུ་ ཕོ་སྐྱེས་༢ ཀྱིས་ ཚེས་བཅུ་མཇལ་བར་ མ་འགྱོ་བར་ རང་ཟླ་༨ པའི་ཚེས་༩ ལུ་ ཁོང་རའི་ཨམ་སྲུ་གིས་ ཚེས་བཅུ་མཇལ་བར་འགྱོ་གེ་ཟེར་སླབ་རུང་ ཚེས་༡༠ ལུ་ བར་དོའི་འཆམ་ལྟ་བར་འགྱོ་ནི་ཟེར་སླབ་སྟེ་ ཉན་མ་བཏུབ་པར་ ཉ་བཟུང་པར་སོང་ནུག་ཟེར་ཨིན་པས།
ཕོ་སྐྱེས་༢ པོ་དེ་ གནམ་བསྲོ་རུང་ ཁྱིམ་ནང་ ལོག་འོང་ནི་མེདཔ་ལས་ ནང་མི་ཚུ་གི་ སེམས་ཁ་ལས་འབད་བ་ཅིན་ ལྷོད་ཚུགས་པའི་རེ་བ་བསྐྱེད་རུང་ ཉིནམ་༡ དང་ ཞག་༡ ལང་རུང་ ལོག་ལྷོད་ནི་མེདཔ་ལས་ རྒེད་འོག་གི་ འགོ་ཁྲིདཔ་ཚུ་ལུ་ ཕོ་སྐྱེས་༢ ལྷོད་མ་ཚུགས་པའི་སྐོར་ལས་ སྤྱི་ཟླ་༩ པའི་ཚེས་༢༥ གི་ ཕྱི་རུའི་ཆུ་ཚོད་༨ དེ་ཅིག་ཁར་རྐྱངམ་གཅིག་ ཁོ་ལུ་ སྙན་ཞུ་ལྷོདཔ་ལས་ཚུར་ བྱུང་རྐྱེན་གྱི་སྐོར་ལས་ ཤེས་རྟོགས་བྱུང་ཡི་ཟེར་ཨིནམ་ད་ དེ་གི་ནངས་པ་ལས་ མི་ཚུ་གིས་ ཆུའི་མཐའམ་བདའ་སྟེ་ ཕུངམ་འཚོལ་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
ཕུངམ་འཚོལ་ཐོབ་མི་ སྐྱེས་༥༤ ལང་མི་ ཚེ་འདས་ཕོ་སྐྱེས་དེ་ མོང་སྒར་ སྟོང་ཤིང་ལས་ཨིན་རུང་ ཁོ་ར་ ཁེངས་དགོངས་འདུ་ལུ་ རྨགཔ་སྦེ་སོང་ཡོདཔ་ད་ ཚེ་འདས་ཕོ་སྐྱེས་དེ་ལུ་ ཨ་ལུ་ཅིག་ཡོདཔ་ད་ ཕོ་སྐྱེས་གཞན་མི་དེ་ དགོངས་འདུ་རྒེད་འོག་ལས་ར་ཨིནམ་ད་ ཁོ་རའི་ཨ་ལུ་༢ རྩིས་ཏེ་ ཨ་ལུ་༥ དེ་ཅིག་ གསོ་ནི་ཡོདཔ་ཨིན་པས།
ཚེ་འདས་ཕོ་སྐྱེས་༢ ཆ་ར་ ཁྱིམ་ཚང་ཨིན་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment