གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨུ་ལའི་ཞིང་ལམ་བསལ་ནི་ ལོག་འགོ་བཙུགས་ཡོདཔ།

༤/༡༠/༢༠༡༢     ༉ ཟླཝ་༤ ལྷགཔ་ཅིག་གི་རིང་ མཚམས་འཇོག་འབད་བཞག་མི་ དབང་འདུས་ཕོ་བྲང་ ཨུ་ལ་སྤྱི་འོག་གི་ སོ་ནམ་ཞིང་ལམ་དེ་ ལོག་བསལ་ནི་འགོ་བཙུགས་ཡི།
དེ་ཡང་ ན་ཧིང་ སྤྱི་ཟླ་༦ པ་ལས་ འགོ་བཙུགས་མི་ ལམ་དེ་ ཀི་ལོ་མི་ཊར་༡.༥ དེ་ཅིག་ བསལ་བའི་ཤུལ་ལས་ མ་དངུལ་གྱིས་ ལང་མ་ཚུགས་པར་ མཚམས་འཇོག་འབད་དགོཔ་ཐོན་ཡོདཔ་ཨིན་པས།
ལོག་བསལ་ནི་ འགོ་བཙུགས་མི་ ཨུ་ལའི་ཞིང་ལམ།


ལམ་སེལ་གྱི་ལཱ་དེ་ དབང་འདུས་ཕོ་བྲང་གི་འཐུས་མི་ པ་སངས་འཕྲིན་ལས་ཀྱིས་ འདེམས་ཁོངས་གོང་འཕེལ་མ་དངུལ་ལས་ དངུལ་ཀྲམ་འབུམ་༨ བྱིན་ཐོག་ལས་ འགོ་བཙུགས་པའི་ཤུལ་ལུ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱིས་ དངུལ་ཀྲམ་འབུམ་༣ ལྷགཔ་ཅིག་ གྲོགས་རམ་འབད་རུང་ མ་དངུལ་གྱིས་ ལང་མ་ཚུགསཔ་ལས་ གནས་སྐབས་ཅིག་ མཚམས་འཇོག་འབད་དགོཔ་ཐོན་ནུག།

ཞིང་ལམ་དེ་ འཕྲོ་མཐུད་དེ་ བསལ་ནིའི་དོན་ལུ་ གཞུང་གིས་ དངུལ་ཀྲམ་ས་ཡ་༤ བགོ་བཀྲམ་འབད་ཡོདཔ་ལས་ དེ་གིས་ རིང་ཚད་ཀི་ལོ་མི་ཊར་༨.༥ འབད་མི་ཡོངས་རྫོགས་སྦེ་ར་ བསལ་ཚུགས་པའི་ རེ་བ་ཡོད་ཟེར་ རྫོང་ཁག་སོ་ནམ་འགོ་དཔོན་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་ཨིན་མས།

ལམ་སེལ་ལཱ་དེ་ སྒེར་སྡེ་ཅིག་ལས་ ས་རྐོ་འཕྲུལ་ཆས་གླ་ཁར་ལེན་ཐོག་ལས་ འབདཝ་མ་ཚད་ རྫོང་ཁག་དང་ རྒེད་འོག་ དེ་ལས་ ཨུ་ལ་སྤྱི་འོག་གི་ སོ་ནམ་ཞིང་ལམ་ཚོགས་ཆུང་གིས་ ལྟ་རྟོག་འབད་ནི་ཨིན་པས།

མ་གཞི་ ལམ་ལུགས་དང་འཁྲིལ་བ་ཅིན་ སོ་ནམ་ཞིང་ལམ་ ཀི་ལོ་མི་ཊར་༡ བསལ་ནི་ལུ་ མ་དངུལ་ས་ཡ་༣ དགོ་ནི་ཨིནམ་ལས་ རྩིས་བཏོན་པ་ཅིན་ ཨུ་ལའི་ཞིང་ལམ་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༥.༥ དེ་ཅིག་ གནས་ནི་ཨིན་རུང་ ལམ་དེ་ ཟད་འགྲོ་ཉུང་ཤོས་ཐོག་ལས་ སྤུད་ཚད་དང་ལྡནམ་སྦེ་ བསལ་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ སོ་ནམ་འགོ་དཔོན་གྱིས་ སླབ་ཨིན་པས།

ཞིང་ལམ་དེ་ ཇ་ལ་དང་ ཨུ་ལ་གཡུས་ཚན་གྱི་བར་ན་ལས་འབབ་མི་ སྤང་བཟའ་རོང་ཆུ་བརྒལཝ་ཅིག་ བྱག་སྦོམ་ཅིག་ནང་ ཐོགས་ལུས་ཡོདཔ་ད་ དེ་ཁ་ལས་ ལམ་བསལ་བའི་སྐབས་ རག་རོ་ཚུ་ག་ར་ ལམ་འོག་ལས་མར་ བཀོག་མི་ལུ་བརྟེན་ རྫོང་ཁག་རང་བཞིན་གནས་སྟངས་ཡིག་ཚང་གིས་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ རྒེད་འོག་བདག་སྐྱོང་ལུ་ ཉེས་བྱ་དངུལ་ཀྲམ་༢༠,༠༠༠ བཀལ་ནུག།

འཕྲོ་མཐུད་སྦེ་ ཞིང་ལམ་བསལ་ནིའི་ལཱ་དེ་ ས་གནས་གཞན་ཁ་ལས་ བཏོན་ཐབས་མེདཔ་ལས་ བྱག་གུ་ལས་ར་ བཏོན་དགོཔ་ཨིན་པས།
ཞིང་ལམ་དེ་ སྤུ་ན་གཙང་ཆུ་ཕར་ཁ་ཡོད་པའི་ ལས་འགུལ་གྱི་ལམ་ལས་ མཐུད་ཡོདཔ་བཞིན་དུ་ ལམ་དེ་གིས་ ཨུ་ལ་སྤྱི་འོག་གི་ གུང་པ་༢༣ དེ་ཅིག་ལུ་ ཕན་ཐོགས་འབྱུང་ཚུགས་ནི་ ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment