གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོད་བསྲེ་ལུ་བརྟེན་ འོང་འབབ་ལེགས་ཤོམ་ཐོབ་ཚུགས་དོ་ཡོདཔ།

/༡༠/༢༠༡༢     ༉ རྩི་རང་རྫོང་ཁག་ བེ་ཏི་ནི་རྒེད་འོག་ ཧ་རི་ནཱན་དེ་གཡུས་ཚན་ནང་ལས་ཨིན་མི་ སྐྱེས་ལོ་༣༨ ལང་མི་ སཱར་ཀུ་ ཤེར་པ་ལུ་ འདས་པའི་ལོ་ངོ་༥ འི་ཧེ་མར་ ཁོ་གི་མི་ཚེ་འཚོ་སྐྱོང་འཐབ་ནི་དེ་ དོ་འགྲན་ཅན་ཅིག་སྦེ་ཡོདཔ་ཨིན་པས།
སཱར་ཀུ་ཤེར་པ་གིས་ ཁོ་རའི་ཚོད་བསྲེ་སྡུམ་ར་ནང་ ལཱ་འབད་བའི་བསྒང་།
ཨེ་མ་ ཌོ་ལེ་ཁོར་ཚ་ནི།


ཨིན་རུང་ སྤྱི་ལོ་༢༠༠༧ ལུ་ རྫོང་ཁག་སོ་ནམ་ལས་ཚན་གྱིས་ ཚོད་བསྲེ་འཛུགས་སྐྱོང་གི་ འོང་འབབ་དང་འབྲེལ་བའི་ ཁེ་ཕན་ཚུ་གི་སྐོར་ལས་ གསལ་བཤད་འབད་ཞིནམ་ལས་ཚུར་ རྒེད་འོག་གི་ ཚོད་བསྲེ་ཚོང་འབྲེལ་ཚོགས་པ་ནང་འཛུལ་ཏེ་ ཚོད་བསྲེ་གི་ལཱ་འགོ་བཙུགས་པའི་ཤུལ་ལུ་ ཁོ་གི་མི་ཚེའི་གནས་སྟངས་ལུ་ བསྒྱུར་བཅོས་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོད་བསྲེ་ཚོང་འབྲེལ་ཚོགས་པ་ནང་ མ་འཛུལ་བའི་ཧེ་མ་ ཁོ་ར་ ཟ་འཐུང་ཙམ་ཅིག་ལང་ཚུགས་ཐབས་ལུ་ཡང་ ལཱ་ཁག་རྐྱབ་ཡོདཔ་ཨིན་རུང་ ཤུལ་ལས་ གོ་བ་བརྡ་སྤྲོད་འབད་མི་ལུ་ སྤྲོ་བ་སྦོམ་བསྐྱེད་དེ་ ཚོད་བསྲེ་འཛུགས་སྐྱོང་ལུ་ བརྩོན་ཤུགས་བསྐྱེད་ནི་དེ་གིས་ ཧེ་མ་དང་ཕྱདཔ་ད་ ཁྱད་པར་སྦོམ་སྦེ་ར་ བཟོ་ཡི་ཟེར་ཨིན་པས།
རྒེད་འོག་ནང་ ཚོད་བསྲེ་ལུ་བརྟེན་ འོང་འབབ་མཐོ་ཤོས་ཐོབ་མི་ཅིག་ཨིན་མི་ སཱར་ཀུ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཨ་རི་ནང་ མང་ཤོས་གེ་ཟབ་ཙུགས་ཏེ་ ཚོད་བསྲེ་དུམ་གྲ་ཅིག་ལས་བརྒལ་ འཛུགས་སྐྱོང་འབད་ནི་མེད་རུང་ ཚོགས་པ་ནང་འཛུལ་ཞིནམ་ལས་ ཁོ་རའི་ཞིང་ ཨེ་ཀར་ཕྱེད་དང་༣ ཆ་མཉམ་ནང་ ཚོད་བསྲེ་རྣམ་པ་སྣ་ཚོགས་བཙུགས་ཏེ་ ཚོང་འབྲེལ་འཐབ་མི་ལུ་བརྟེན་ ལོ་བསྟར་བཞིན་དུ་ ཚོད་བསྲེ་ དངུལ་ཀྲམ་༨༠,༠༠༠ ལྷགཔ་རེ་གི་ ཚོང་འབྲེལ་འཐབ་ཨིན་ཟེར་ཨིན་པས།
ཚོགས་པ་ནང་འཛུལ་ཞིནམ་ལས་ཚུར་ ཁྱིམ་གྱི་ཁྱིམ་ཐོག་རྩྭ་གིས་ བཀབ་ཡོད་མི་དེ་ཡང་ ལྕགས་ཤོག་བཀབ་ཚུགས་པའི་ཁར་ དངུལ་ཀྲམ་༢༥,༠༠༠ བྱིན་ཏེ་ འཕྲལ་ཁམས་ཅིག་ཁར་ ཇར་སི་བ་ཅིག་ཡང་ ཉོ་ཡོདཔ་མ་ཚད་ སྤུས་ཚད་ལྡན་པའི་ ནོར་ཁྱིམ་ཅིག་ཡང་ རྐྱབ་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ ཁོ་གིས་སླབ་ཨིན་པས།
དེ་མ་ཚད་ ཁོ་གིས་ དངུལ་ཁང་ནང་ མ་འོངས་པར་ ཁོ་རའི་ ཨ་ལུ་ཚུ་ ཤེས་ཡོན་སྦྱང་ནིའི་དོན་ལུ་ དངུལ་ཀྲམ་འབུམ་ཕྱེད་དང་༢ དེ་ཅིག་ཡང་ གསོག་འཇོག་ཡོད་ཟེར་ཨིན་པས།
ཁོ་གིས་ ཚོད་བསྲེ་གི་རིགས་མང་ཤོས་ར་ འདབ་མ་ཀོ་པི་དང་ མེ་ཏོག་ཀོ་པི་ བོ་རོ་ཀོ་ལི་ ལ་ཕུག་ སྲནམ་ཅུམ་ཚུ་ ལོ་གཅིག་ནང་ ཐེངས་༣ དེ་རེ་ འཛུགས་སྐྱོང་འབདཝ་ཨིན་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཚོད་བསྲེ་ཚུ་ རྩི་རང་དང་ གསར་སྤང་གཞུང་ལམ་ཚུན་ འབག་སྐྱེལ་ཞིནམ་ལས་ དེ་ཁ་ལས་ སྣུམ་འཁོར་ནང་བཙུགས་འབག་སྟེ་ འགྲམ་ཕུ་ཁྲོམ་ཁར་ བཙོང་དོ་ཡོདཔ་ཨིན་རུང་ འདས་པའི་ཟླཝ་དག་པ་ཅིག་ལས་ གཡུས་ཁར་ སོ་ནམ་ཞིང་ལམ་ལྷོད་ནི་དེ་གིས་ བདུན་མཐའ་རེས་གཟའ་ཟླ་བ་ཨ་རྟག་ར་ ཚོད་བསྲེ་ཚུ་ སྒེར་འཁོར་ནང་ སྐྱེལ་འདྲེན་འབད་དེ་ བཙོང་པར་འབག་དོ་ཡོདཔ་ཨིན་པས།
གཡུས་ཚན་ནང་ལས་ ཚོད་བསྲེ་ལུ་བརྟེན་ ལོ་རེ་ནང་ དངུལ་ཀྲམ་༥༠,༠༠༠ དེ་རེ་བཟོ་ཚུགས་མི་ ཚོགས་པའི་འཐུས་མི་ སྐྱེས་ལོ་༥༠ ལང་མི་ མིག་དམར་ཤེར་པ་གིས་ཡང་ ཚོགས་པ་ནང་འཛུལ་ཞིནམ་ལས་ ཁྱིམ་ཐོག་ལྕགས་ཤོག་བཀབ་ཚུགས་པའི་ཁར་ བ་དང་ གླང་ཚུ་ཡང་ཉོ་སྒྲུབ་འབད་ཚུགས་ཅི་ཟེར་ཨིན་པས།
འཐུས་མི་སོ་ནམ་པ་༣༡ འབད་མི་ ཚོད་བསྲེ་གོང་འཕེལ་ཚོགས་པ་དེ་ རྙིང་ཤོས་ཅིག་ཨིནམ་ད་ ཧེ་མ་འབད་བ་ཅིན་ ཚོད་བསྲེ་ཚུ་ ཚར་༣ དེ་ཅིག་ ཚོགས་པ་གིས་ བཙོང་ནིའི་དཔའ་བཅམ་རུང་ སྤུས་ཚད་ཀྱི་སྐོར་ལས་ ཁ་འཆམ་མ་ཚུགས་མི་ལུ་བརྟེན་ རང་སོ་གིས་ བཙོང་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
ཚོགས་པའི་ཁྲི་འཛིན་ ལྷག་པ་ཤེར་པ་གིས་ སླབ་མིའི་ནང་ འཐུས་མི་རེ་རེ་གིས་ ཚོད་བསྲེ་རྐྱངམ་གཅིག་ལུ་བརྟེན་ ལོ་བསྟར་བཞིན་དུ་ འོང་འབབ་ དངུལ་ཀྲམ་༤༠,༠༠༠ ལས་འབུམ་༡ གི་བར་ན་ བཟོ་ཚུགས་པས་ཟེར་ཨིན་པས།
འཐུས་མི་ཚུ་གིས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༡༠༠ རེ་ བསྡུ་ལེན་འབད་མི་གིས་ ད་ལྟོ་ཚུན་ལུ་ ཚོགས་པའི་གསོག་འཇོག་ནང་ བསྡོམས་ཀྱིས་ དངུལ་ཀྲམ་༢༨༠,༠༠༠ དེ་ཅིག་ཡོད་ས་ལས་ ཁྱིམ་རྐྱབ་ནི་དང་ བ་གླང་ཉོ་སྒྲུབ་འབད་ནི་ གཉེན་གྱི་རྟེན་འབྲེལ་ལ་སོགས་པ་ཚུ་ནང་ ཟླཝ་༦ དང་ལོ་༡ གི་བར་ན་ ཚངམ་སྦེ་ལོག་སྤྲོད་ནི་སྦེ་ འཐུས་མི་༡༨ ལུ་ སྐྱིན་འགྲུལ་ དངུལ་ཀྲམ་༡༥༠,༠༠༠ ལྷགཔ་ཅིག་ བྱིན་ཏེ་ཡོད་ཟེར་ ཁྲི་འཛིན་ལྷག་པ་གིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དངུལ་སྐྱིན་འགྲུལ་བྱིན་མི་དེ་གིས་ འཐུས་མི་མང་ཤོས་ཅིག་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིནམ་ད་ ཧེ་མ་ ཚོགས་པའི་འཐུས་མི་༦ སྦ་སྒོར་ཁྱིམ་ནང་སྡོད་མི་ཚུ་གིས་ཡང་ ད་རེས་ རྩིག་ཁྱིམ་རྐྱབ་ཡོདཔ་ཨིན་པས།
ཚོད་བསྲེ་གི་ལྕངམ་ཚུ་ཡང་ མི་སེར་སོ་ནམ་པ་ཚུ་གིས་ གྱིབ་ཤོག་གི་ཁྱིམ་ནང་ རང་སོའི་ས་ཁོངས་ བགོ་སྟེ་ཡོད་མི་ཚུ་ནང་ སོན་བཏབ་ཞིནམ་ལས་ ཕྱིའི་སྨན་རྫས་ཚུ་མ་བླུགས་པར་ རང་བཞིན་གྱི་ཐོན་སྐྱེད་སྦེ་ སྐྱེས་བཅུག་དོ་ཡོདཔ་ཨིན་པས།
ཚོད་བསྲེ་གི་ཐོན་སྐྱེད་ ཡར་དྲག་གཏང་ནིའི་དོན་ལུ་ ཚོགས་པ་གིས་ གཞུང་ས་ཨེ་ཀར་༣ དང་༤ འབད་མི་ཁག་༢ ལེན་ཏེ་ཡོད་མིའི་ནང་ མོ་བཏབ་ཀྱི་དོན་ལུ་ སྤྱི་ལོ་༢༠༡༣ འགོ་བཙུགསཔ་ད་ ཚོད་བསྲེ་ཚུ་ འཛུགས་སྐྱོང་འབད་ནི་ཨིན་ཟེར་ ཁྲི་འཛིན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།


རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

1 comment:


  1. ཨེ་མ་ ཌོ་ལེ་ཁོར་ཚ་ནི། Now what is ཨེ་མ་ and ཁོར་ཚ་ནི, as it is used two different languages it appears different but doesn't it look so funny. Why our Dzongkha is mis-used very badly??? How it would have been nice if the writer used ཌོ་ལེ་ཨེ་མ་ if the writer could not find a appropriate name for that chili. Give chance a Dzongkha to improve la.

    ReplyDelete