གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་ ས་ཡོམ་ལྟ་རྟོག་ཁང་ དགོཔ་གལ་ཆེཝ།

༡༥/༡༠/༢༠༡༢   ༉ ས་ཡོམ་མཁས་མཆོག་ཚུ་དང་ རྐྱེན་ངན་འཛིན་སྐྱོང་འགོ་དཔོན་ཚུ་གིས་ ས་ཡོམ་རྐྱབ་པའི་སྐབས་ གྲ་སྒྲིག་འབད་ནིའི་དོན་ལུ་ རྒྱལ་ཁབ་ནང་ ས་ཡོམ་ལྟ་རྟོག་ཁང་ཚུ་ དགོ་པའི་སྐོར་ལས་ སླབ་དོ་ཡོདཔ་ཨིན་པས།


ས་ཡོམ་ལྟ་རྟོག་ཁང་དེ་གིས་ ས་ཡོམ་རྐྱབ་པའི་སྐབས་ ས་གནས་ག་ཏེ་ལུ་ གནོད་སྐྱོན་ཤུགས་སྦེ་ རྐྱབ་ནི་ཨིན་ན་ བརྡ་དོན་བྱིན་ནི་ལུ་ ཕན་ཐོགས་ཚུགས་ཟེར་ ས་གཏེར་ལས་ཁུངས་ནང་ལས་ ས་ཡོམ་མཁས་མཆོག་ ཟླཝ་བཅུ་འབྲུག་པ་གིས་ སླབ་ཡོདཔ་ད་ དེ་བཟུམ་གྱི་བརྡ་དོན་ཚུ་གིས་ འགྲོ་བ་མིའི་ཚེ་སྲོག་ ཉེན་སྐྱོབས་འབད་ནིའི་དོན་ལུ་ གལ་ཅན་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ས་ཡོམ་ལྟ་རྟོག་ཁང་གིས་ ས་གནས་ཁག་སོ་སོ་ནང་ ས་ཡོམ་གྱི་ཤུགས་ཚད་ འཇལ་མི་ལུ་བརྟེན་ ས་ཡོམ་རྐྱབ་ཚར་བའི་ཤུལ་ལས་ གཞུང་གིས་ འགོ་དཔོན་ཚུ་ལུ་ ཆ་རོགས་འབད་ནིའི་དོན་ལས་ མི་བཙུགས་ནི་ལུ་ ཕན་ཐོགས་འབྱུངམ་ཨིན་ཟེར་ཨིན་པས།
རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ རྣམ་རྒྱལ་དབང་ཕྱུག་གིས་ སླབ་མིའི་ནང་ ཧི་མ་ལ་ཡའི་ གངས་ལྗོངས་ནང་ ད་རུང་ ནམ་ཅིག་གི་ཚེ་ ཤུགས་ཚད་མེག་ནི་ཅུཌ་༨ དང་༩ གི་བར་ན་འབད་མི་ ས་ཡོམ་ཅིག་རྐྱབ་ནི་ཨིན་པའི་སྐོར་ལས་ ཚན་རིག་མཁས་པ་ཚུ་གིས་ སྔོན་བརྟགས་འབད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ ས་ཡོམ་གྱི་ གནོད་ཉེན་སྦོམ་ཡོད་པའི་ ས་ཁོངས་ནང་ཚུད་ནི་དེ་གིས་ ས་ཡོམ་བརྟག་དཔྱད་ཁང་ཅིག་ ངེས་པར་དུ་ དགོཔ་གལ་ཆེ་ཟེར་ཨིན་པས།
རྣམ་རྒྱལ་དབང་ཕྱུག་གིས་འབད་བ་ཅིན་ ས་ཡོམ་ལྟ་རྟོག་ཁང་གིས་ ས་ཡོམ་གྱི་ ཤུགས་ཚད་འཇལ་དོ་ཡོདཔ་བཞིན་དུ་ ཉེན་འཚུབས་དང་འཁྲིལ་ ས་གནས་ཚུ་ ངོས་འཛིན་འབད་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
དེ་མ་ཚད་ དེ་གིས་ ས་ཡོམ་གྱི་གནོད་པ་ལས་ བཀག་ཚུགས་པའི་ གཞི་བཀོད་ཀྱི་ཁྲིམས་ལུགས་ ལག་ལེན་དངོས་བསྟར་འབད་ནི་གི་ གཞི་མ་བྱིནམ་མས་ཟེར་ རྣམ་རྒྱལ་དབང་ཕྱུག་གིས་ བཤདཔ་ཨིན་པས།
རྒྱ་གར་གྱི་ གནས་ཚད་ལས་ཁང་གིས་ འབྲུག་རྒྱལ་ཁབ་ཀྱི་ མཐའ་འཁོར་ལུ་ཡོད་པའི་མངའ་སྡེ་ཚུ་ ས་ཡོམ་གྱི་ ཉེན་ཁའི་དབྱེ་ཁག་བཟོ་མིའི་ནང་ ཨ་སམ་དང་ ཨ་རུ་ན་ཅཱལ་པར་དེཤ་དེ་ དབྱེ་ཁག་༥ པ་དང་ སི་ཀིམ་དེ་ དབྱེ་ཁག་༤ པ་སྦེ་ ངོས་འཛིན་འབད་དེ་ཡོདཔ་ཨིན་པས།
འབྲུག་གིས་ ད་ཚུན་གྱི་རིང་ ས་ཡོམས་དང་འབྲེལ་བའི་ བརྡ་དོན་ལྟ་རྟོག་འབད་ནིའི་དོན་ལུ་ ཡུ་ཨེསི་གི་ ས་ཁམས་རིག་པའི་ཞབས་ཏོག་ལུ་ བརྟེན་སྡོད་ཡོདཔ་ད་ ཞབས་ཏོག་ལྟེ་བ་ ཐག་ཉེ་ཤོས་དེ་ ཐའི་ལེནཌི་ལུ་ཡོདཔ་ཨིན་པས།
ས་གཏེར་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འབྲུག་ལུ་ཡང་ ས་ཡོམ་ལྟ་རྟོག་ཁང་ གཞི་བཙུགས་འབད་ནིའི་དོན་ལུ་ གཞུང་གིས་ གནང་བ་གནངམ་བཞིན་དུ་ གཞི་བཙུགས་ཀྱི་ ཆ་རོགས་འབད་ནིའི་དོན་ལུ་ ད་ལྟོ་ ཇ་པཱན་ལུ་ཡོད་པའི་ བཙུགས་སྡེ་ཅིག་དང་གཅིག་ཁར་ ཁ་སླབ་པའི་བསྒང་ ཡོད་ཟེར་ཨིན་པས།
འབྲུག་ལུ་ ས་ཡོམ་སྦོམ་ཤོས་ སྤྱི་ལོ་༡༨༩༧ དང་༡༩༣༤ དེ་ལས་༡༩༥༠ ཚུ་ནང་རྐྱབ་ཡོད་རུང་ དེ་གིས་ གནོད་པ་ག་དེམ་ཅིག་རྐྱབ་ཡོདཔ་ཨིན་ནའི་ གནས་ཐོ་ཚུ་ མ་བཞག་རུང་ ཤུགས་ཚད་མེག་ནི་ཅུཌ་༦ ལྷགཔ་ཅིག་འབད་མི་ འཕྲལ་ཁམས་ཀྱི་ས་ཡོམ་གྱིས་ མིའི་ཚེ་སྲོག་ལུ་ཡང་ གནོད་པ་རྐྱབ་ཡོདཔ་མ་ཚད་ མི་ལེ་ཤ་ཅིག་གི་ སྡོད་ཁྱིམ་ཚུ་ མེདཔ་བཏང་ཡོད་པའི་གནས་ཚུལ།


ཚེ་རིང་རྣམ་རྒྱལ།

No comments:

Post a Comment