གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པད་ཚལ་གླིང་དགོན་པའི་ མ་མགོན་གཡུལ་བཟློག་ ཁ་ཙ་གྲོལ་ཡོདཔ།

༡༥/༡༠/༢༠༡༢   ༉ བུམ་ཐང་པད་ཚལ་གླིང་ བྱང་ཆུབ་དཔལ་རི་དགོན་པ་ལུ་ ལོ་བསྟར་གནང་སྲོལ་ཡོད་པའི་ ཉིན་གྲངས་༧ འབད་མི་ མ་མགོན་གཡུལ་བཟློག་དེ་ ཁ་ཙ་ གྲོལ་གནང་ཡི།
དགོན་པའི་སློབ་དཔོན་ ནོར་བུ་དོན་གྲུབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཉིན་གྲངས་༦ གི་རིང་ རྟེན་མདོས་སྒྲུབ་སྟེ་ ཁ་ཙ་ འཕངས་ཡི་ཟེར་ཨིནམ་ད་ དེ་ཡང་ གཙོ་བོ་ར་ ཕྱི་ནང་གསང་གསུམ་གྱི་གལ་རྐྱེན་བར་ཆད་ཚུ་ བཟློག་ཐབས་ལུ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།

ཁ་ཙ་ པད་ཚལ་གླིང་དགོན་པ་ལུ་ མ་མགོན་གཡུལ་བཟློག་གི་ རྟེན་མདོས་འཕང་པའི་བསྒང་།


ཁོ་གིས་ སླབ་མིའི་ནང་ ཕྱི་ལྟར་དུ་ སྤྱིར་བཏང་འཛམ་གླིང་གི་ རིམ་གྲོ་བཟུམ་ཅིག་ཨིནམ་ད་ ནང་གི་དོན་ལུ་འབད་བ་ཅིན་ གང་ཟག་མི་རེ་བཞིན་ལུ་ཡོད་མི་ ནད་རིགས་ཡོད་ཚད་ག་ར་ བཟློག་ཐབས་དང་ གསང་བའི་དོན་ལུ་འབད་བ་ཅིན་ ཡེ་འདོད་མ་ནས་ ང་བོ་མཉམ་པའི་ངར་འཛིན་པ་ཡོད་པའི་ ཉོན་མོངས་པ་དང་ ཤེས་བྱའི་སྒྲུབ་པ་གཉིས་ བཟློག་ཐབས་ལུ་ཨིན་ཟེར་ཨིན་པས།
མ་མགོན་གཡུལ་བཟློག་གི་སྐབས་ལུ་ མདོས་དེ་ཡང་ ལྷམ་པ་གསུམ་སྦེ་ ཕོ་དང་མོ་ དེ་ལས་ བླམ་གྱི་ཚུལ་སྦེ་ འཕང་དོ་ཡོད་མི་དེ་ཡང་ སློབ་དཔོན་གྱིས་འབད་བ་ཅིན་ བླམ་གྱི་ཚུལ་བཟོ་དགོ་མི་དེ་ ཆོས་ཀྱི་ལུགས་ལས་འབད་བ་ཅིན་ སྐྱབས་རྗེ་དེ་ དབུ་འཕང་མཐོ་བ་ཅིག་ཨིནམ་ལས་ དེ་གི་དམིགས་པ་བསྐྱེད་དེ་བཟོ་ཡོདཔ་ད་ སྲིད་ཀྱི་ཧོང་ལས་འབད་བ་ཅིན་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱི་ཚུལ་དུ་ ཕོ་མོ་གི་ཚུལ་བཟོ་སྟེ་ འཕངས་ཡོདཔ་ཨིན་པས།
མདོས་ཚུ་ནང་ རྒྱུ་ནོར་གྱི་རིགས་ ག་དེ་དྲག་དྲག་བཙུགས་དོ་ཡོདཔ་ད་ དེ་ཡང་ སློབ་དཔོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ མདོས་ཚུ་རང་གི་ སྲོག་གི་ཚབ་ཨིནམ་ལས་ རབ་འབྱུང་པ་ཅིན་ རྒྱས་པ་སྦེ་ར་ བཙུགས་དགོ་ཟེར་ཨིན་པས།
ཉིན་གྲངས་༧ གྱི་རིང་ ཆོ་ག་གཙོ་བོ་ དཔལ་ཆེན་འདུལ་བ་བཟུང་སྟེ་ མ་མགོན་ཨེ་ཀ་ཛ་ཏི་གནང་ཡོདཔ་ད་ དེ་ཡང་ པད་ཚལ་གླིང་དགོན་པའི་སྤྲུལ་སྐུ་ སྐུ་ཕྲེང་༥ པ་ པདྨ་ཀུན་བཟང་བསྟན་འཛིན་རྒྱ་མཚོ་གིས་ དབུ་བཞུགས་ཐོག་ལས་ གནང་ཡོདཔ་ཨིན་པས།
དེ་བཟུམ་མའི་ ལོ་བསྟར་གྱི་ ལས་རིམ་དེ་ཡང་ སྤྱི་ལོ་༡༧༦༩ ལུ་ གྲུབ་ཐོབ་རྣམ་རྒྱལ་ལྷུན་གྲུབ་ཀྱིས་ གདན་ས་བཅགས་གནང་པའི་ཤུལ་ལས་ འགོ་བཙུགས་ཡོདཔ་ཨིན་རུང་ ལས་རིམ་དེ་ ནམ་འགོ་བཙུགས་ཡོདཔ་ཨིན་ན་ གཏན་འཁེལ་ཅིག་ མི་ཤེས་དོ་ཡོདཔ་ཨིན་པས།
ད་རིས་ ཉིནམ་མཇུག་ལུ་ དགོན་པའི་དགེ་སློང་ཚུ་གིས་ སྤྲུལ་སྐུ་མཆོག་ སྐུ་ཚེ་བརྟན་ནིའི་དོན་ལུ་ སྤྱིར་བཏང་མཁའ་འགྲོའི་ ཚོགས་འཁོར་གནང་ནི་ཨིན་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment