གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐང་འཁོར་བ་ཡེག་དང་ བང་རྒྱུག་རྐང་འགྲུལ་གྱི་ལས་རིམ།

༡༥/༡༠/༢༠༡༢   ༉ ཇར་མ་ནི་དང་ ཨི་ཊ་ལི་ ཕ་རཱནསི་ དེ་ལས་ བེལ་ཇི་ཡམ་རྒྱལ་ཁབ་༤ ལས་ རྐང་འཁོར་བ་ཡེག་གཏང་ནི་དང་ བང་རྒྱུག་ནི་ དེ་ལས་ རྐང་འགྲུལ་འབད་ནིའི་དོན་ལུ་ རྒྱལ་ཁབ་ནང་ འོང་ཡོདཔ་ཨིན་པས།
ཕྱིའི་ལྟ་བཤལཔ་ཚུ་ བུམ་ཐང་སྟང་ལུ་ བང་རྒྱུག་པའི་བསྒང་།


སྡེ་ཚན་དེ་ འབྲུག་ལུ་ གཞི་བཙུགས་འབད་མི་ ཀིསི་ཏུ་བུ་ཊཱན་ཟེར་མི་ ལྟ་བཤལ་ལས་སྡེ་གིས་ ཕ་རཱནསི་ལུ་ཡོད་མི་ ནེ་ཅར་ ཨེགསི་ ཌེབ་ལོབ་མེན་ཟེར་མི་ ལྟ་བཤལ་ལས་སྡེ་༢ ཀྱིས་ མཉམ་རུབ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྡེ་ཚན་དེ་གིས་ ད་ལྟོ་ཚུན་ ངོས་འཛིན་འབད་མི་ སྤུ་ན་ཁ་དང་ དབང་འདུས་ དེ་ལས་ བུམ་ཐང་སྟང་རྒེད་འོག་གི་ ས་གནས་ཚུ་ནང་ བང་རྒྱུག་དང་ རྐང་འགྲུལ་ དེ་ལས་ རྐང་འཁོར་བཏང་སྟེ་ སོང་ཡོདཔ་ལས་ ཁོང་གིས་ གཞུང་ལམ་བདའ་སྟེ་མེན་པར་ སོ་ནམ་ཞིང་ལམ་དང་ དང་ཕུའི་ ལམ་ཚུ་ལག་ལེན་འཐབ་དོ་ཟེར་ ཀིསི་ཏུ་བུ་ཊཱན་ལས་སྡེ་གི་ ལྟ་བཤལ་ལམ་སྟོན་པ་གིས་ བཤདཔ་ཨིན་པས།
བཅའ་མར་གཏོགས་མི་ཚུ་གི་གྲས་ལས་ མི་༧ གྱིས་ རྐང་འཁོར་བཏང་དོ་ཡོདཔ་དང་ གཞན་མི་༡༠ གྱིས་ ཚལ་མ་ནང་ རྐང་འགྲུལ་འབད་དོ་ཡོདཔ་བཞིན་དུ་ ལྷག་ལུས་ཚུ་གིས་ བང་རྒྱུག་འབད་དོ་ཡོདཔ་ཨིན་པས།
སྤུ་ན་ཁ་ལུ་འབད་བ་ཅིན་ སྡེ་ཚན་གྱིས་ ཕོ་ཆུ་ལས་ ཡ་མི་ན་ཚུན་ ཉིནམ་དང་པའི་ནང་ སོང་ཡོདཔ་ད་ དེ་གི་ཤུལ་ལས་ དབང་འདུས་ཕོ་བྲང་རྫོང་ཁག་ སྦས་གླང་བྲག་ལུ་ སོང་ཡོདཔ་ཨིན་པས།
བུམ་ཐང་ལུ་འབད་བ་ཅིན་ སྡེ་ཚན་དེ་གིས་ སྟང་སྦས་ཟུར་གྱི་ ས་གནས་ཚུ་ནང་ སོང་ཡོདཔ་ཨིན་པས།
དེ་བཟུམ་མའི་ ལས་རིམ་དེ་ འགོ་དང་པ་ ལས་སྡེ་༢ ཀྱིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་རུང་ བཅའ་མར་གཏོགས་མི་ཚུ་གིས་  མི་ཚུ་དང་ཕྱད་དེ་ འབྲེལ་བ་དུམ་གྲ་རེ་ འཐབ་དོ་ཟེར་ཨིན་པས།
ནེ་ཅར་ ཨེགསི་ ཌེབ་ལོབ་མེན་གྱི་ཇོ་བདག་ ཨམ་ ཀེ་ཐི་རི་ན་ སེར་གི་ མོ་རེལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་གིས་ ད་ཚུན་ རྒྱལ་ཁབ་༦༧ ནང་ དེ་བཟུམ་མའི་ ལས་རིམ་ཁག་༡༤༥ དེ་ཅིག་ འགོ་འདྲེན་འཐབ་ཚར་ཡོདཔ་ལས་ སང་ཕོད་ འབྲུག་ལུ་ སྤྱི་ཟླ་༤ པའི་ནང་ ལོག་འོང་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
མོ་གིས་ དེ་བཟུམ་མའི་ ལས་རིམ་དེ་གིས་ རྒྱལ་ཁབ་སོ་སོའི་ ལམ་སྲོལ་དང་ གོམས་གཤིས་ཚུ་ ཤེས་ཚུགས་ནི་ལུ་ ཁེ་ཕན་འདུག་ཟེར་ཨིན་པས།
ཉིན་གྲངས་༡༠ འབད་མི་ ལས་རིམ་དེ་ སྤྱི་ཟླ་༡༠ པའི་ཚེས་༡༧ ལུ་ ཕོབ་སྦྱིས་ཁ་ལུ་སྦེ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།




བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment