གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱང་ཁྱི་ཚུ་གིས་ བདའ་འོང་མི་ཀ་ཤ་༡ སྲོག་སྐྱབས་འབད་ཡོདཔ།

༣/༡༠/༢༠༡༢   ༉ ཁ་ཙ་ དྲོ་པ་ཁམས་ཅིག་ཁར་ སྐྱེས་ལོ་༤ ལང་མི་ ཀ་ཤ་ཕོ་ཅིག་ སྤྱང་ཁྱི་ཚུ་གིས་ བདའ་འོང་སྟེ་ བཀྲིས་ཆོས་རྫོང་གྱི་ ཉེ་འདབས་ལུ་ཡོད་པའི་ ནགས་ཚལ་ལས་ཁུངས་ཀྱི་ ཡིག་ཚང་ལྟེ་བའི་ ས་ཁོངས་ནང་ ཐོན་ཡོདཔ་ཨིན་པས།
སྤྱང་ཁྱི་ཚུ་གིས་ བདའ་འོང་མི་ཀ་ཤ།


དེ་བསྒང་ ཕོ་སྐྱེས་ཅིག་ ས་ཁོངས་དེ་ནང་ ཁོ་རའི་ཡིག་ཚང་ནང་ ལཱ་འབད་སྡོད་པའི་སྐབས་ ཀ་ཤ་དེ་ དྲོ་པའི་ཆུ་ཚོད་༨ དང་ སྐར་མ་༤༥ དེ་ཅིག་ཁར་ ཐིམ་ཕུ་ གཱོལཕི་རྩེད་ཐང་ཁ་ཐུག་ལས་ ཁོང་གི་ཡིག་ཚང་ཁ་ཐུག་ལུ་ བདའ་འོང་སར་ མཐོང་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་གིས་ ཀ་ཤ་དེ་ སྲོག་སྐྱབས་འབད་ནིའི་དོན་ལུ་ རོ་ཁྱི་ཚུ་ བདའ་བཏང་ཡི་ཟེར་ སླབ་ཨིན་པས།
མཐོང་མི་ཚུ་གིས་ དེ་འཕྲོ་ལས་ མུ་ཏིག་ཐང་ འབྲོང་གྱིམ་ཙེ་ཉམས་སྲུང་ཁང་ནང་ བརྒྱུད་འཕྲིན་བཏང་པའི་ཤུལ་ལས་ མི་ལེ་ཤ་ཅིག་ སྤུངས་འཛོམས་འབད་ཡོདཔ་མ་ཚད་ རྟ་རྦབ་ལུ་ཡོད་པའི་ རི་དྭགས་སེམས་ཅན་ཉམས་གསོ་ལྟེ་བའི་ འགོ་དཔོན་ཚུ་ཡང་ ལྷོད་ཡོདཔ་ཨིན་པས།
ཀ་ཤ་དེ་གི་ལྷ་པ་གུ་ རྨ་སྐྱོན་དུམ་གྲ་ཅིག་ བཏོན་ཡོདཔ་ད་ ཕོ་སྐྱེས་དེ་གིས་འབད་བ་ཅིན་ ཀ་ཤ་དེ་ ས་ཁོངས་ཀྱི་ སྣུམ་འཁོར་བཞག་ས་ལས་ མཆོངས་འོང་བའི་སྐབས་ ཁྱིམ་གྱི་གྱང་གུ་ ལྷ་པ་བརྡུང་སར་ མཐོང་ཡི་ཟེར་ སླབ་ཨིན་པས།
དེ་མ་ཚད་ རྐངམ་གཡསཔ་གི་ རྨིགཔ་གུ་ཡང་ རྨ་སྐྱོན་ཆུང་ཀུ་ཅིག་ བཏོན་ཡོདཔ་ད་ རྨ་སྐྱོན་དེ་ ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་ལམ་དང་ རྩི་ས་གིས་ བཟོ་བཀོད་འབད་མི་ཚུ་གུ་ ལམ་འགྱོ་མི་ལུ་བརྟེན་ཏེ་ བྱུང་བྱུངམ་འོང་ནི་མས་ཟེར་ཨིན་པས།
དེ་ཅིག་བར་ན་ རི་དྭགས་སྲུང་སྐྱོབ་ལྟེ་བ་ལས་ ནགས་ཚལ་ཉེན་སྲུང་དང་ལྟ་རྟོག་སྡེ་ཕྲན་གྱི་ འགོ་དཔོན་ཚུ་ཡང་ ས་གོ་ནང་ལྷོད་ཡོདཔ་ལས་ ཀ་ཤ་དེ་ དྲན་མེད་བཟོ་ནིའི་ སྨན་ཁབ་བཙུགས་ཡོདཔ་ཨིན་པས།
རྟ་རྦབ་ལུ་ཡོད་པའི་ རི་དྭགས་སེམས་ཅན་ཉམས་གསོ་ལྟེ་བའི་འགོ་འཛིན་ ཀུན་བཟང་རྒྱལ་མཚན་གྱིས་འབད་བ་ཅིན་ སྨན་ཁབ་དེ་ འགོ་དང་པ་རྐྱབ་པའི་སྐབས་ དྲན་མེད་བཟོ་མ་ཚུགསཔ་ལས་ ཐེངས་༢ བཙུགས་དགོཔ་ཐོན་ཡི་ཟེར་ སླབ་ཨིན་པས།
ཨིན་རུང་ སེམས་ཅན་དེ་ སྲོག་སྐྱབས་འབད་ནིའི་ནང་ མཐར་འཁྱོལ་བྱུང་ཡོདཔ་བཞིན་དུ་ སྣུམ་འཁོར་ཧའི་ལགསི་ཅིག་ནང་བཙུགས་ཏེ་ སེམས་ཅན་བསྐྱར་གསོའི་ས་ཁོངས་ནང་ འབག་སོང་ཡོདཔ་ཨིན་པས།
ཀ་ཤ་དེ་ འདྲོག་བྱེལ་འཐབ་མ་གཏོགས་ གནས་སྟངས་ལེགས་ཤོམ་ཡོདཔ་ལས་ སྨན་བཅོས་ཚུ་འབད་དེ་ ཐིམ་ཕུ་དཀར་སྦིས་སའི་ལྟག་ལུ་ཡོད་པའི་ ཕྱག་མི་ནང་ནགས་ཚལ་ནང་ ལོག་བཏང་ཡི་ཟེར་ ཀུན་བཟང་རྒྱལ་མཚན་གྱིས་ སླབ་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གཟི་ལུང་ཁ་ལས་སྦེ་ རོ་ཁྱི་ཚུ་གིས་ བདའ་འོང་པའི་ དོགས་པ་ཡོད་མི་ ཀ་ཤ་དེ་ ད་རེས་ ས་གནས་གཞན་ཅིག་ནང་ སྤོ་བཤུད་འབད་ཡོདཔ་ཨིན་རུང་ སྤྱང་ཁྱི་ལེ་ཤ་ཡོད་པའི་ གཟི་ལུང་ཁའི་ ས་ཁོངས་དང་ཕྱདཔ་ད་ ད་རེས་ཀྱི་ས་གནས་དེ་ ཉེན་སྲུང་དང་ལྡན་ཏོག་ཏོ་ཅིག་ ཨིན་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༨ པའི་ བདུན་ཕྲག་དང་པའི་ནང་ཡང་ རོ་ཁྱི་ཚུ་གིས་ བདའ་འོང་མི་ ཀ་ཤ་ཅིག་ ཐིམ་ཕུ་ཁྲོམ་གྱི་སྦུག་ལུ་ཡོད་པའི་ འབྲུག་པི་ཨེན་བི་དངུལ་ཁང་གི་ གདོང་ཁར་ཐོན་པའི་ཤུལ་ལུ་ འདྲོག་བྱེལ་འཐབ་པའི་ཤུགས་ཀྱིས་ ཤི་རྐྱེན་བྱུང་ཡོད་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment