![]() |
ཐིམ་ཕུ་ཝང་ཆུའི་ནང་ ཊའོཊ་ཟེར་མིའི་ཉ་རིགས་ཀྱི་སོན་༣༠༠༠ དེ་ཅིག་ བཏང་བའི་བསྒང་། |
ཉ་སོན་རིགས་སྤེལ་ལས་རིམ་དེ་ ཐེངས་༢ པ་ཨིནམ་ད་ ཐེངས་དང་པ་དེ་ བུམ་ཐང་ཆོས་འཁོར་སྟོད་ཀྱི་ སྒོམ་ཐང་གི་ཆུ་ནང་ ཉ་སོན་བཀྲམ་སྤེལ་གྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ལས་རིམ་དེ་ འབྲུག་གི་གཙང་ཆུ་ཚུ་ནང་ ཊའོཊ་ཉ་རིགས་ཚུ་ མར་ཉམས་འགྱོ་དོ་ཡོདཔ་ལས་ དེ་ཚུ་གོང་འཕེལ་གཏང་ཐོག་ལས་ མ་འོངས་ཡུན་བརྟན་གྱི་དོན་ལུ་ དམིགས་པའི་ལས་རིམ་ཅིག་ཨིན་ཟེར་ འགོ་དཔོན་ཚུ་གིས་བཤདཔ་ཨིན་པས།
བྱང་ཕྱོགས་ཀྱི་གཙང་ཆུ་དང་ མཚོ་ཚུ་ནང་ ཉའི་གྱངས་ཁ་དེ་ མར་ཉམས་སོང་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ དེ་ཡང་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གོང་འཕེལ་གྱི་ལས་རིམ་ དཔེར་ན་ གློག་མེ་ལས་འགུལ་གྱི་ ཆུ་མཛོད་རྐྱབ་མི་དང་ ཆུ་རུད་ཉེན་སྲུང་གི་དོན་ལུ་ གཙང་ཆུའི་མཐའམ་བདའ་སྟེ་ ཆུ་བྱག་རྐྱབ་མི་ བྱེམ་དང་ རྡོ་བཏོན་ས་ཁོངས་ལེ་ཤ་གཞི་བཙུགས་འབད་མི་ཚུ་ལུ་བརྟེན་ ཨིན་པས་ཟེར་བཤད་ཅི།
ལྟེ་བའི་ནང་ལས་ སངས་རྒྱས་ནོར་བུ་གིས་ བཤད་མི་དང་འཁྲིལཝ་ད་ གོང་འཕེལ་གྱི་ལས་རིམ་ དཔེར་ན་ ཆུ་མཛོད་རྐྱབ་པའི་བསྒང་ལས་ ཉ་ཚུ་ཡར་མར་རྒྱུན་སྐྱོད་འབད་སའི་ ལམ་བཀག་སྟེ་ ཉ་སོན་མང་ཤོས་ཅིག་ ལྷོ་ཕྱོགས་ལས་ཕར་ གཙང་ཆུ་བརྒྱུད་དེ་འོང་དོ་ཡོད་མི་ཚུ་ འོང་མ་ཚུགསཔ་བཟོ་མི་དེ་གིས་ བྱང་ཕྱོགས་ལུ་ ཉ་རིགས་ཚུ་ མར་ཉམས་སོང་བའི་གནས་སྟངས་བྱུང་ནུག་ཟེར་ཨིན་པས།
བུམ་ཐང་སྒོམ་ཐང་ལུ་ཡང་ དུས་ཅི་ལོ་གི་སྔ་ཆ་ལུ་ གོ་རིམ་ཐེངས་དང་པའི་ནང་ ཊའོཊ་ཉ་སོན་༩༢༠ དེ་ཅིག་ ས་གནས་དེ་ནང་གི་ གཙང་ཆུའི་ནང་བཏང་ཡོད་པའི་ཁར་ ད་རུང་ གོ་རིམ་ཐེངས་༢ པའི་ནང་ ཉ་སོན་༣༠༠༠ དེ་ཅིག་ གསར་བཙུགས་འབད་ཡོདཔ་ད་ ཧེ་མ་ གོ་རིམ་ཐེངས་དང་པའི་སྐབས་ བཏང་མིའི་ཉ་ཚུ་ གཟུགས་སྟོབས་སྒྲིང་སྒྲིང་ཡོད་པའི་མངོན་གསལ་བྱུང་ཡོདཔ་མ་ཚད་ གཟུགས་ཚད་ཚུ་ཡང་ ཡར་སེང་ཐོག་ སྦོམ་སོང་ཡོད་པའི་གསལ་སྟོན་བྱུང་ཡི་ཟེར་ཨིན་པས།
འགོ་དཔོན་ཅིག་གིས་སླབ་མིའི་ནང་ ས་གནས་ཚུ་ནང་ ཉ་སོན་སྤེལ་མི་དེ་གིས་ འཕྲོད་བསྟེན་དང་འབྲེལ་བའི་ ཕན་ཐོགས་ཀྱི་འོས་འབབ་ཡོད་མི་དེ་ཡང་ ས་གནས་ཚུ་ནང་ ཉའི་ཐོན་ཁུངས་ཡོད་པ་ཅིན་ མི་སྡེའི་ཟས་རིགས་ནང་ ཟས་བཅུད་པོ་རོ་ཊིན་ཟེར་མི་དེ་ ཉ་ལས་མངམ་བྱུང་དོ་ཡོདཔ་ལས་ མི་སྡེའི་ཆུ་ནང་ ཉ་ཡོད་པ་ཅིན་ མི་སྡེ་དེ་ནང་ ཟས་བཅུད་དེ་དང་འབྲེལ་བའི་ ལྷན་ཐབས་ཡང་ཡོདཔ་མ་ཚད་ མ་འོངས་པ་ལུ་ གཙང་ཆུ་ཚུ་ནང་ ཉ་རིགས་རྒྱ་ཆེ་དྲགས་སྦེ་ཡོད་པ་ཅིན་ ཉ་བཟུང་གི་དོན་ལུ་ ལྟ་བཤལ་གོང་འཕེལ་བཏང་ཐོག་ལས འོང་འབབ་ལེགས་ཤོམ་བཟོ་ཚུགས་པའི་འོས་འབབ་ཡང་ ཡོད་ཟེར་བཤད་ཅི།
རྒྱལ་ཡོངས་གཙང་ཆུ་དང་ མཚོ་ཉ་ལྟེ་བ་གིས་ ཆུའི་སྲོག་ཆགས་དང་འབྲེལ་བའི་ འཛིན་སྐྱོང་དང་ གོང་འཕེལ་ཐབས་ལམ་ཚུ་ལུ་ བརྩོན་ཤུགས་བསྐྱེད་པའི་ཁར་ ད་རེས་ནངས་པ་ གློག་མེ་ལས་འགུལ་ལུ་བརྟེན་ གཙང་ཆུའི་སྲོག་ཆགས་ལུ་ ཉམས་ཉེན་ཡོད་མིའི་ ཉེན་སྐྱོབ་ཀྱི་ཐབས་ལམ་ལུ་བརྩོན་ཤུགས་བསྐྱེད་དོ་ཡོདཔ་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment