གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ གྲོས་ཐག་བཅད་དེ་ དཀའ་ངལ་བསལ་ཚུགས་པའི་རེ་བ།

༥/༡༠/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ལུ་ སྣུམ་འཁོར་གྱི་ མར་ཁུ་བཀྲམ་སྤེལ་ཁང་ཚུ་ནང་ སྣུམ་འཁོར་ཚུ་ གྱལ་བཙར་ཏེ་ བསྒུགས་སྡོད་མི་ལུ་བརྟེན་ འགྲོ་འགྲུལ་འབད་ནི་ལུ་ བྱ་སྟབས་མ་བདེཝ་སྦོམ་ བྱུང་མི་དེ་ཡང་ རྒྱ་གར་ ནུབ་བེང་གཱལ་མངའ་སྡེའི་ནང་ སྣུམ་འཁོར་ཊཱག་བཏང་མི་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་འབད་མི་ལུ་བརྟེན་ཏེ་ཨིན་པས།
ཐིམ་ཕུ་ལུ་ མར་ཁུ་བླུག་ནིའི་དོན་ལས་ གྱལ་རིམ་ནང་ སྒུག་སྡོད་མི་ སྣུམ་འཁོར་ཚུ།


ཨིན་རུང་ ཉིན་མ་ཁམས་ཅིག་ལས་ རྒྱ་གར་ལས་ འབྲུག་ལུ་ མར་ཁུ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊེང་ཀར་ཚུ་ནང་ མར་ཁུ་འདེགས་ཏེ་ འབྲུག་ལུ་འབག་འོང་ནི་ འགོ་བཙུགས་ཅི་ཟེར་ ནང་སྲིད་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ངོ་རྒོལ་འགྲེམ་སྟོན་དེ་ སྤྱི་ཟླ་༡༠ པའི་ཚེས་༡ ལས་འགོ་བཙུགས་ཏེ་ ཇཱལ་པའི་གུ་རི་ལུ་ཡོད་པའི་ བ་རཱཊི་ས་སྣུམ་ལས་སྡེ་དང་ སི་ལི་གུ་རི་ལུ་ཡོད་པའི་ རྒྱ་གར་ས་སྣུམ་ལས་སྡེ་༢ དང་ ཁག་འབག་ཐོག་ འབྲུག་ལུ་ མར་ཁུ་སྐྱེལ་འདྲེན་འབད་མི་ རྒྱ་གར་གྱི་ ཊེངཀི་ ལོ་རི་ཚོགས་སྡེ་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དེ་སྦེ་ ངོ་རྒོལ་འགྲེམ་སྟོན་འབད་མི་དེ་ཡང་ ན་ཧིང་ རྒྱ་གར་གྱི་ ཊེང་ཀར་དེད་གཡོགཔ་ཅིག་གིས་ འབྲུག་པའི་ཨ་ལུ་ཅིག་ འཐུ་བཀོག་སྟེ་ བྱོག་སོང་བའི་ཤུལ་ལུ་ དེད་གཡོགཔ་དེ་ བསམ་རྩེའི་ཁྲིམས་སྲུང་འགག་པ་གིས་ དོ་དམ་འོག་ལུ་ བཙུགས་ཡོདཔ་ལས་  ལོག་གཏང་དགོ་པའི་དོན་ལུ་ དམིགས་ཏེ་ཨིན་པས།
རྒྱ་གར་གྱི་ དེད་གཡོགཔ་དེ་གིས་ ན་ཧིང་ སྤྱི་ཟླ་༦ པའི་ནང་ བསམ་རྩེ་ལུ་ སྐྱེས་ལོ་༧ ལང་མི་ བུཚ་༡ འཐུ་བཀོག་སྟེ་ བྱོག་སོང་པའི་ཤུལ་ལུ་ དུས་ཅི་གི་ ལོའི་སྔ་ཆ་ལུ་ དེད་གཡོགཔ་དེ་ ཕུན་ཚོགས་གླིང་ལུ་ འཛིན་བཟུང་འབད་དེ་ བསམ་རྩེའི་ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་ བསམ་རྩེ་རྫོང་ཁག་ཁྲིམས་འདུན་གྱིས་ རྩོད་བཤེར་འབད་བའི་བསྒང་ཡོདཔ་ཨིན་པས།
ནང་སྲིད་ལྷན་ཁག་འོག་གི་ བཀའ་ཁྲིམས་ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་ཚེ་རིང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཨ་ལི་པུར་ ཌུ་ཝར་གྱི་ འཛིན་སྐྱོང་ཡིག་ཚང་འོག་མ་གིས་ ངོ་རྒོལ་འགྲེམ་སྟོན་དེ་ ཁྲིམས་འགལ་དང་ དོན་དག་མེདཔ་ཅིག་ཨིནམ་སྦེ་ སླབ་པའི་ཤུལ་ལུ་ མཚམས་འཇོག་འབད་ཡི་ཟེར་ཨིན་པས།
ཀརྨ་ཚེ་རིང་རྣམ་རྒྱལ་གྱིས་འབད་བ་ཅིན་ ཨ་ལི་པུར་གྱི་ འགོ་དཔོན་ཚུ་གིས་ སྣུམ་འཁོར་ཚུ་ ཨ་རྟག་བཟུམ་སྦེ་ འགྲོ་འགྲུལ་འཐབ་བཅུག་དགོཔ་སྦེ་ ཚོགས་སྡེ་ལུ་ སླབ་ནུག་ཟེར་ཨིན་པས།
ཕུན་ཚོགས་གླིང་ལས་ ནང་སྲིད་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ ཨ་ལི་པུར་ལུ་སོང་སྟེ་ གནད་དོན་དེ་ ཁྲིམས་མཐུན་ཨིནམ་ ཧ་གོ་དགོ་པའི་སྐོར་ལས་ སླབ་ཡོདཔ་ཨིན་པས།
དེད་གཡོགཔ་དེ་གིས་ ཁོ་གི་ ཊེང་ཀར་གྱི་ ཁ་དོག་སོར་བའི་ཁར་ སྣུམ་འཁོར་གྱི་ ཨང་གྲངས་ཡང་སོར་ཏེ་ དམ་ཅན་པེ་ཊོ་ལི་ཡམ་གྱི་ ས་སྣུམ་འབག་འོང་བའི་སྐབས་ ཕུན་ཚོགས་གླིང་ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ནང་སྲིད་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ དེ་བསྒང་ གནད་དོན་དེ་གི་སྐོར་ལས་ གསང་བའི་སྙན་ཞུ་ཐོབ་པའི་ཁར་ དེད་གཡོགཔ་དེ་གིས་ཡང་ ཉེས་ལས་དེ་ལུ་ ཁ་བཟེད་མི་དང་འཁྲིལ་ འཛིན་བཟུང་འབད་ཡི་ཟེར་ཨིན་པས།
ཀུན་གསལ་གྱིས་ གོ་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་བྱུང་བའི་ཤུལ་ལུ་ འབྲུག་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ རྒྱ་གར་གྱི་ ཁྲིམས་སྲུང་འགག་པ་ཚུ་ལས་ རྒྱབ་སྐྱོར་འཚོལ་མི་དང་འཁྲིལ་ བ་ན་ཧཱཏི་ ཁྲིམས་སྲུང་འགག་པ་གིས་ དེད་གཡོགཔ་དེ་ འཛིན་བཟུང་འབད་དེ་ ཇཱལ་པའི་གུ་རི་གི་ ཁྲིམས་འདུན་ལུ་ བསྐྱལ་ཡོདཔ་ཨིན་པས།
ཨིན་རུང་ དེད་གཡོགཔ་དེ་གིས་ གནད་དོན་དེ་ ནང་འགྲིགས་འབད་ནི་སྦེ་ ཁ་བཟེད་པའི་ཤུལ་ལུ་ རྒྱབ་མི་བཙུགས་ཏེ་ ལོག་བཏང་ཡོདཔ་ཨིན་རུང་ ནང་འགྲིག་འབད་བར་ ལོག་མ་འོངམ་ཨིན་པས།
དེད་གཡོགཔ་དེ་གི་ ཉེ་ཚན་ཚུ་གིས་ བསམ་རྩེའི་ ཁྲིམས་འདུན་ལུ་བཅར་ཏེ་ ལོག་གཏང་དགོཔ་སྦེ་ ཞུ་བ་འབད་ཡོདཔ་ཨིན་རུང་ ཁྲིམས་འདུན་གྱིས་ མི་ཚན་ཚུ་ བསམ་རྩེ་ཁྲིམས་སྲུང་འགག་པའི་ནང་བཏངམ་ད་ ཁྲིམས་སྲུང་འགག་པ་གིས་ དེད་གཡོགཔ་དེ་ བཏོན་འབག་དགོ་པ་ཅིན་ ཉམས་རྒུདཔ་དེ་ལུ་ རྒུད་འཐུས་དངུལ་ཀྲམ་༣༠༠,༠༠༠ སྤྲོད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ཉེ་ཚན་ཚུ་གིས་ ལོག་ ཁོང་རའི་རྒྱལ་ཁབ་ནང་ སོང་ཞིནམ་ལས་ ཚོགས་སྡེ་ཚུ་ སྙན་ཞུ་འབད་དེ་ རྒུད་འཐུས་མི་སྤྲོད་ནིའི་དོན་ལུ་ ངོ་རྒོལ་འགྲེམ་སྟོན་ འགོ་འདྲེན་འཐབ་ནུག་ཟེར་ ནང་སྲིད་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཐིམ་ཕུ་ལུ་ཡོད་པའི་ རྒྱ་གར་གྱི་ དོན་གཅོད་སྤྱི་ཁྱབ་ སཱན་ཇིབ་ ཀུ་མར་གྱིས་འབད་བ་ཅིན་ ཁོང་གིས་ ཨ་ལི་པུར་དང་ བསམ་རྩེའི་ས་གནས་ཀྱི་ དབང་འཛིན་ཚུ་དང་ འབྲེལ་བ་འཐབ་ཡོདཔ་ལས་ སྣུམ་འཁོར་ཚུ་ ཨ་རྟག་བཟུམ་སྦེ་ འགྲོ་འགྲུལ་འཐབ་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་འདི་གི་སྐོར་ལས་ ད་རིས་ འཕྲོ་མཐུད་དེ་ གསུང་གྲོས་ཞིནམ་ལས་ གྲོས་ཐག་བཅད་དེ་ དཀའ་ངལ་ཚུགས་པའི་ རེ་བ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment