གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དང་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་མི་གཟིག་ ཧིང་ནང་ཚུད་དེ་ ཤི་ཡོདཔ།

༤/༡༠/༢༠༡༢    ༉ བདུན་ཕྲག་དག་པ་ཅིག་གི་ ཧེ་མ་ལས་ མོང་སྒར་རྫོང་ཁག་ ས་གླིང་རྒེད་འོག་ རེ་ས་གཡུས་ཚན་ནང་ བྱམོ་དང་ བོའུ་ཅུང་ དེ་ལས་ ཕོ་སྐྱེས་ཅིག་ལུ་ གནོདཔ་བཀལ་མི་ གཟིག་གནགཔོ་(བེ་ལེག་ པེན་ཐར་)དེ་ སྤྱི་ཟླ་༡༠ པའི་ཚེས་༢ ལུ་ ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ཁར་ ཧིང་ནང་ཚུད་དེ་ ཤི་ཡོདཔ་ཨིན་པས།
ཧིང་ནང་ཚུད་དེ་ཤི་མི་ གཟིག་གནགཔོ་(བེ་ལེག་ པེན་ཐར་)


གཟིག་གནགཔོ་དེ་གིས་ འཕྲལ་འཕྲལ་སྦེ་ར་ རེ་ས་གཡུས་ཚན་གྱི་ བྱ་གསོ་སྐྱོང་ཁང་ཅིག་ནང་ གནོདཔ་བཀལ་བར་ འོང་མི་ལུ་བརྟེན་ བྱ་གསོ་སྐྱོང་ཁང་གི་ཇོ་བདག་ ཤེས་རབ་རྒྱལ་མཚན་གྱིས་ གསོ་སྐྱོང་ཁང་གི་སྦོ་ལོགས་ཁར་ སྤྱི་ཟླ་༡༠ པའི་ཚེས་༢ ལུ་ ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ཁར་ ཧིང་༢ བཀལ་བཞག་མི་ལས་༡ ནང་ཚུད་དེ་ ཤི་སོ་ནུག་ཟེར་ཨིན་པས།
གཟིག་གནགཔོ་ བསད་པའི་སྐོར་ལས་ ཞིབ་དཔྱད་འབད་མི་ མོང་སྒར་ གླིང་མེད་ཐང་ནགས་ཚལ་འཛིན་སྐྱོང་སྡེ་ཕྲན་ལས་ ནགས་ཚལ་གླིང་འཛིན་པ་ ངག་དབང་རྒྱ་མཚོ་གིས་ སླབ་མིའི་ནང་ ལྗིད་ཚད་ཀེ་ཇི་༣༥ དེ་ཅིག་འབད་མི་ གཟིག་གནགཔོ་དེ་ མོ་ཨིནམ་ད་ ལོ་ན་ཡང་ རྒས་སོ་ནུག་ཟེར་ཨིནམ་ད་ གཟིག་དེ་ བྱམོ་བསད་པར་འོངམ་ད་ ཧིང་ནང་ ཚུད་ནུག་ཟེར་ཨིན་པས།
ཁ་ཙ་ ནགས་ཚལ་ལས་བྱེདཔ་ཚུ་གིས་ གཟིག་གི་པགས་ཀོ་དེ་ རྫོང་ཁག་ནགས་ཚལ་ཡིག་ཚང་ནང་ རྩིས་སྤྲོད་འབད་ཡོདཔ་ད་ རུ་ཏོ་ཚུ་ ས་དོང་ནང་ བཙུགས་ཡོདཔ་བཞིན་དུ་ ཟླཝ་དག་པ་ཅིག་གིས་རྒྱབ་ལས་ ལོག་བཏོན་ཞིནམ་ལས་ ལྷན་ཁག་ལུ་ རྩིས་སྤྲོད་འབད་དགོ་ཟེར་ ནགས་ཚལ་གླིང་འཛིན་པ་ ངག་དབང་རྒྱ་མཚོ་གིས་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ས་གླིང་རྒེད་འོག་ ཀ་ལ་སྤང་གཡུས་ཚན་ནང་ཐོན་མི་ གཟིག་དེ་ མེན་པས་ཟེར་ཨིནམ་ད་ ཧིང་ནང་ཚུད་མི་གཟིག་གནགཔོ་དེ་ ཁ་མདོག་གནག་རྐྱང་སྦེ་ཡོདཔ་ད་ ཀ་ལ་སྤང་ལུ་ གནོད་པ་བཀལ་མི་གཟིག་དེ་ དཀར་གནག་གི་ཁྲ་ཡོད་ཟེར་ཨིན་པས།
ཤི་སོ་མི་གཟིག་དེ་ མདང་ཞག་ཁམས་ཅིག་ཁར་ རེ་སའི་མི་ཅིག་ལུ་ གནོདཔ་བཀལ་བར་འོང་ཡོདཔ་ད་ དེ་བསྒང་ ཕོ་སྐྱེས་དེ་གིས་ སྟྭ་རེ་གིས་ བླུགས་བྱིན་པའི་ རྨ་ཁ་ཚུ་ འདུག་ཟེར་ཨིན་པས།
གཟིག་དེ་གིས་ གཡུས་ཚན་དེ་ནང་ སྤྱི་ཟླ་༩ པའི་ཚེས་༢༡ ལུ་ ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ཁར་ ཁྱིམ་ཅིག་ནང་འོང་སྟེ་ སྐྱེས་ལོ་༤༥ ལང་མི་ ཕོ་སྐྱེས་ཅིག་ ཉལ་སྡོད་པའི་སྐབས་ གནོདཔ་བཀལ་བར་འོངམ་ལས་ཚུར་ གཡུས་ཚན་དེ་ནང་ མི་ཚུ་ འཇིགས་སྣང་ལང་སྟེ་ ཡོདཔ་ཨིན་པས།
ཕོ་སྐྱེས་དེ་ ཐབ་ཚང་ནང་ ཉལ་སྡོད་པའི་སྐབས་ ཁྱིམ་ནང་ ཨ་ལུ་༢ རྩིས་ཏེ་ ནང་མི་བཟའ་ཚང་༤ ཡོདཔ་ད་ ཉམས་རྒུདཔ་སངས་རྒྱས་དེ་ ཉལ་སྡོདཔ་ད་ ག་ཏེ་ལས་ འོངམ་ཨིན་ན་མ་ཤེས་པའི་ཁར་ ཚར་ཅིག་ལུ་ ཁོ་གི་བྱང་ཁོག་གུ་ མཆོངས་འོང་ཡི་ཟེར་ཨིནམ་ད་ ཨིན་རུང་ ཁོ་གིས་སྟྭ་རེ་གིས་ ཚར་གསུམ་དེ་ཅིག་ བླུགས་ཚུགས་ཅི་ཟེར་ཨིན་པས།
དེ་བསྒང་ ཁྱིམ་ཚང་ཚུ་ མ་འབོ་བ་ཅིན་ ཁོ་ར་ བསད་དཔ་འོང་ཟེར་ཨིནམ་ད་ ཁྱིམ་ཚང་ཚུ་གིས་ གཟིག་དེ་ བདའ་བཏང་ཡོདཔ་ཨིན་པས།
ཁོ་ར་ རྒྱལ་པོའི་ཞིང་སྨན་ཁང་ནང་སོང་སྟེ་ སྨན་བཅོས་འབད་ཡོདཔ་ད་ ཁ་ཉིནམ་བསད་མི་གཟིག་དེ་ ཁོ་ལུ་ གནོད་པ་བཀལ་མི་དེ་ར་ཨིནམ་ད་ ཁོ་གིས་ གཟིག་གི་མགུ་ཏོ་གུ་ སྟྭ་རེ་གིས་བླུགས་བྱིན་མི་ རྨ་ཁ་དེ་གུ་ འབུབ་བཏགས་ནུག་ཟེར་ཨིན་པས།
གཟིག་དེ་གིས་ གཡུས་ཚན་དེ་ནང་ བྱམོ་༣༠ ལྷགཔ་ཅིག་དང་ བོའུ་ཅུང་༡ དེ་ལས་ མི་ཅིག་ལུ་ གནོདཔ་བཀལ་ཡོདཔ་ལས་ གཡུས་ཁའི་མི་སེར་ཚུ་ སེམས་ཅན་དེ་ལུ་ འཇིགས་སྣང་ལང་དགོཔ་བྱུང་ཡི་ཟེར་ གཡུས་ཚན་གྱི་སྤྱི་དཔོན་ གསལ་སྒྲོན་གྱིས་སླབ་ཨིན་པས།
མོ་གིས་སླབ་མིའི་ནང་ མོ་ར་གཡུས་ཚན་དེ་ནང་ སྤྱི་དཔོན་གྱི་ འགན་ཁུར་ཕོག་ཡོདཔ་ལས་ མི་སེར་ཚུ་ལུ་ ཁག་ཆེ་བའི་བརྡ་སླབ་པར་འགྱོ་དགོ་རུང་ སེམས་ཅན་དེ་ལུ་ལྟ་སྟེ་ འཚེར་སྣང་བྱུང་ཡི་ཟེར་ཨིན་པས།
མོང་སྒར་གྱི་ རྫོང་ཁག་ནགས་ཚལ་འགོ་དཔོན་གཙོ་འཛིན་ འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ གཟིག་དེ་གིས་ མི་དང་སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་བར་འོང་སྟེ་ ཧིང་ནང་ཚུད་དེ་ ཤི་ཤིཝ་ཨིན་པ་ཅིན་ བསད་པའི་ཉེས་བྱ་ མི་ཕོག་ཟེར་ཨིནམ་ད་ གལ་སྲིད་ སེམས་ཅན་དེ་ མནོ་ཞིང་བསམ་ཞིང་ བསད་བསདཔ་ཨིན་པ་ཅིན་ ཉེས་བྱ་ཕོག་འོང་ཟེར་ཨིན་པས།
ཨིན་རུང་ དེ་བཟུམ་མའི་ སེམས་ཅན་གྱིས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་བའི་སྐབས་ རྒུད་འཐུས་ཀྱི་སྐོར་ལས་ དྲི་བཀོད་འབདཝ་ད་ ད་ལྟོ་ཚུན་ གཟིག་གིས་བསད་མི་ལུ་ རྒུད་འཐུས་མེད་ཟེར་ཨིནམ་ད་ ཨིན་རུང་ སེམས་ཅན་སྟག་གིས་ གནོདཔ་བཀལ་བ་ཅིན་ རྒུད་འཐུས་ཐོབ་སྲོལ་ཡོད་ཟེར་ ཨིན་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment