གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨཱུལ་ཕ་གཡིབ་དམག་ཚུ་ འབྲུག་ལུ་ ལོག་འཛུལ་ཡོདཔ་སྦེ་ བཀོད་མི་དེ་ལུ་ བདེན་ཁུངས་མེདཔ།

༤/༡༠/༢༠༡༢     ༉ རྒྱ་གར་གྱི་ གསར་ཤོག་ཅིག་ནང་ བྱང་ཤར་མངའ་སྡེའི་ངོ་ལོགཔ་ ཨཱུལ་ཕ་གཡིབ་དམག་ཚུ་ འབྲུག་ལུ་ ལོག་འཛུལ་ཡོདཔ་སྦེ་ བཀོད་མི་དེ་ མི་བདེན་ཟེར་ ནང་སྲིད་ལྷན་ཁང་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།


རྒྱ་གར་གྱི་ གནས་ཚུལ་ནང་ ཨུལ་ཕཱ་ཚུ་གིས་ འབྲུག་གི་ལྷོ་ཕྱོགས་ལུ་ཡོད་པའི་ ནགས་ཚལ་སྟུག་དྲགས་ཚུ་ནང་ འཛུལ་དོ་ཡོདཔ་སྦེ་ བཀོད་ཡོདཔ་ཨིན་རུང་ འབྲུག་དང་ རྒྱ་གར་གྱི་བར་ན་ འཕྲལ་འཕྲལ་ར་ བརྡ་དོན་བརྗེ་སོར་འབད་མི་ལུ་བརྟེན་ གནས་ཚུལ་བྲིས་མི་དེ་ལུ་ བདེན་ཁུངས་མེད་ཟེར་ཨིན་པས།
གལ་སྲིད་ ཁག་ཆེ་བའི་གནད་དོན་ཚུ་ བརྗེ་སོར་འབད་དགོཔ་ འཐོན་པའི་སྐབས་ རྒྱལ་ཁབ་༢ ཀྱི་བར་ན་ ཉིནམ་རེ་ལུ་ འབྲེལ་བ་ཚར་རེ་ འཐབ་ནི་ཡོད་ཟེར་ ནང་སྲིད་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༣ ལུ་ རྒྱ་གར་གྱི་ངོ་ལོགཔ་ ཨཱུལ་ཕ་གཡིབ་དམག་ཚུ་ རྒྱལ་ཁབ་ནང་ལས་ བཏོན་བཏང་པའི་ཤུལ་ལུ་ ད་ལྟོ་ཚུན་ ཕུད་རྡོག་གཅིག་ཡང་ ཐོན་ཐོནམ་མེད་ཟེར་ གསུངསམ་ཨིན་པས།
དེ་མ་ཚད་ འབྲུག་དང་ རྒྱ་གར་གྱི་ དམག་མི་ཚུ་གིས་ ས་མཚམས་བདའ་སྟེ་ ཨ་རྟག་ར་ ཞིབ་དཔྱད་ལྟ་སྐོར་ཚུ་ འབད་དོ་ཡོདཔ་ལས་ གལ་སྲིད་ དེ་བཟུམ་མའི་ གནད་དོན་ཚུ་འབྱུང་པ་ཅིན་ ལྷན་ཁག་ལུ་ སྙན་ཞུ་ལྷོད་འོང་ཟེར་ བློན་པོ་མི་འགྱུར་རྡོ་རྗེ་གིས་ གསུངས་ཡི།
ནང་སྲིད་བློན་པོ་གིས་ རྒྱ་གར་དང་ འབྲུག་གི་ ལས་སྡེ་ཚུ་གི་བར་ན་ འབྲེལ་བ་དམ་ཟབ་ཡོདཔ་མ་ཚད་ རྒྱལ་ཁབ་༢ ཀྱི་བར་ན་ བློན་པོའི་གནས་ཚད་ལས་ འགོ་བཙུགས་ཏེ་ ལོ་བསྟར་བཞིན་དུ་ ཞལ་འཛོམས་ཚུ་ འཚོགས་ནི་ཡོད་པའི་གུ་ ས་མཚམས་བདའ་སྟེ་ རྒྱ་གར་གྱི་ ས་མཚམས་དམག་སྡེའི་ ཡན་ལག་ཡིག་ཚང་ཚུ་ཡང་ གཞི་བཙུགས་འབད་དེ་ ཡོད་ཟེར་ཨིན་པས།
གལ་སྲིད་ དེ་བཟུམ་མའི་བརྡ་དོན་ཚུ་ ས་མཚམས་ཁར་སྡོད་མི་ འགོ་དཔོན་ཚུ་ལས་ འཐོབ་པ་ཅིན་ དེ་ལུ་ བདེན་པ་བཟུང་དགོ་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ནང་སྲིད་ལྷན་ཁག་འོག་གི་ བཀའ་ཁྲིམས་ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་ཚེ་རིང་རྣམ་རྒྱལ་གྱིས་འབད་བ་ཅིན་ རྒྱ་གར་གྱི་ གནས་ཚུལ་གསར་ཤོག་ཚུ་གི་གྲས་ལས་ དམིགས་བསལ་དུ་ ཡུ་པི་ཨའི་གནས་ཚུལ་གསར་ཤོག་ནང་ མ་བདེན་པའི་གནས་ཚུལ་ཚུ་ བཀོད་སྲིད་ནི་ཨིནམ་ལས་ དེ་ལུ་ རྩ་ལས་ར་ ཆ་བཞག་ནི་མི་འོང་ཟེར་ཨིནམ་ད་ གལ་སྲིད་ གནད་དོན་དེ་ བདེན་པ་ཨིན་པ་ཅིན་ ཁོང་རའི་ འབྲེལ་བ་ཅན་དང་ བློ་གཏད་ཅན་གྱི་ མི་ཚུ་གིས་ དེ་འཕྲོ་ལས་ སྙན་ཞུ་འབད་འོང་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ གནས་ཚུལ་ལུ་བརྟེན་ ལྷོ་མཚམས་ཁ་ཐུག་གི་ ས་གནས་ཚུ་ནང་སྡོད་མི་ མི་སེར་ཚུ་ལུ་ འཇིགས་སྣང་འབྱུང་ནིའི་ ཉེན་ཁ་སྦོམ་ཡོད་ཟེར་ཨིནམ་ད་ ཨིན་རུང་ བདེན་པ་མེད་པའི་གནས་ཚུལ་ལུ་ འདྲོག་བྱེལ་འཐབ་དགོཔ་མེད་ཟེར་ སླབ་ཨིན་པས།
རྒྱ་གར་གྱི་ ཡུ་པི་ཨའི་གནས་ཚུལ་ནང་འབད་བ་ཅིན་ འབྲུག་ལུ་ ནགས་ཚལ་རྒྱ་ཆེ་དྲགས་སྦེ་ཡོདཔ་ལས་ ཨཱུལ་ཕ་གཡིབ་དམག་ཚུ་གིས་ ལས་འཆར་ག་ཅི་ར་འཐབ་རུང་ མི་ཚུ་གིས་ མི་ཤེས་དོ་ཡོདཔ་སྦེ་ བཀོད་ཡོད་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment