གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནད་བརྟག་འབད་ནིའི་དོན་ལུ་ ཡུན་རིངམོ་སྦེ་ བསྒུག་སྡོད་དགོ་པའི་དཀའ་ངལ།

༩/༡༠/༢༠༡༢   ༉ སྐྱེས་ལོ་༣༥ ལང་མི་ སངས་རྒྱས་དེ་ བཀྲིས་གཡང་རྩེ་ལས་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ མོ་ནད་མཁས་མཆོག་འཕྱད་ནིའི་དོན་ལུ་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ལུ་ སྨན་ཁང་ནང་ལྷོད་ཡོད་རུང་ ཉིན་མའི་ཆུ་ཚོད་ ཕྱེད་དང་༡༢ དེ་ཅིག་ལས་བརྒལ་ ཌོག་ཊར་དང་གཅིག་ཁར་ ནད་བརྟག་འབད་ནིའི་ གོ་སྐབས་ཐོབ་མ་ཚུགས་པར་ ལུས་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ཌོག་ཊར་ཚུ་ ནད་ཁང་ནང་ཡོད་པའི་ ནདཔ་ཚུ་ལྟ་བར་ སོང་ནི་དེ་གིས་ཨིན་པས།
ནད་གཞི་བརྟག་དཔྱད་འབད་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ བསྒུག་སྡོད་དགོཔ་བྱུང་མི་ནདཔ་ཚུ།


དེ་བཟུམ་སྦེ་ ཨ་ལུ་ཅིག་གི་ ཨའི་ཨིན་མི་ བསོད་ནམས་ཀྱིས་ སླབ་མིའི་ནང་ མོ་རའི་ཨ་ལུ་དེ་ འཕྲལ་འཕྲལ་ར་ ན་ནི་ཡོདཔ་ལས་ ཨ་ལུའི་ཌོག་ཊར་དང་འཕྱད་པར་ དྲོ་པའི་ཆུ་ཚོད་ ཕྱེད་དང་༡༠ དེ་ཅིག་ལུ་ སྨན་ཁང་ནང་ འོང་མི་དེ་གིས་ ཆུ་ཚོད་༡༡ དེ་ཅིག་ལས་བརྒལ་ བརྟག་དཔྱད་འབད་མ་ཚུགས་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ ནདཔ་ཚུ་གི་ བྱ་སྟབས་བདེ་ཧིང་ལུ་ལྟ་སྟེ་ སྨན་ཁང་གི་ འབྲེལ་ཡོད་དབང་འཛིན་ཚུ་གིས་ དུས་ཚོད་ཀྱི་ གསལ་བསྒྲགས་ཅིག་ གནང་ཚུགས་པ་ཅིན་ སྟབས་བདེ་ནི་མས་ཟེར་ཨིན་པས།
དེ་ཡང་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ ཉིན་བསྟར་བཞིན་དུ་ ཐོ་བཀོད་འབད་མི་ ནདཔ་གསརཔ་༣༠༠ དེ་ཅིག་དང་ ལོག་ཅི་ར་འོང་མི་ ནདཔ་༡༥༠ དེ་ཅིག་གིས་ ནད་བརྟག་དཔྱད་འབད་ནིའི་དོན་ལུ་ ཌོག་ཊར་ཚུ་དང་ འཕྱད་པར་འོང་དོ་ཡོདཔ་ཨིན་པས།
སྨན་ཁང་ནང་ ཨ་རྟག་ར་ ནདཔ་༡༢༠ དེ་ཅིག་ སྡོད་མི་ཚུ་ལུ་ ཌོག་ཊར་ཚུ་གིས་ དྲོ་པ་ཨ་རྟག་ར་ ནདཔ་ཚུ་གི་ གནས་སྟངས་བརྟག་དཔྱད་འབད་བར་འགྱོ་ནི་དེ་ དྲོ་པའི་ཆུ་ཚོད་༩ ལས་ འགོ་བཙུགས་མི་དེ་གིས་ ཆུ་ཚོད་༡༡ དང་ འཕྲལ་འཕྲལ་༡༢ ཚུན་ འགོར་མི་ལུ་བརྟེན་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ལས་འོང་མི་ ནདཔ་ཚུ་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ སྨན་ཁང་གི་ཕྱི་ཁར་ བསྒུག་སྡོད་དགོཔ་ ཐོན་དོ་ཡོདཔ་ཨིན་པས།
དེ་ཡང་ མི་མང་ལུ་ གསོ་བའི་ཞབས་ཏོག་ཚུ་ ག་དེ་སྦེ་ སྤྲོད་ཚུགས་དོ་ཡོདཔ་ཨིན་ན་དང་ སྨན་ཁང་ནང་ འདས་པའི་ལོ་ལས་ མི་མང་ལུ་ ཞབས་ཏོག་ཡར་དྲག་གཏང་ཐབས་ལུ་ འཆར་གཞི་དང་ལས་རིམ་ཚུ་ ག་དེ་སྦེ་ ཡོདཔ་ཨིན་ནའི་སྐོར་ལས་ འདས་པའི་བདུན་ཕྲག་ནང་ གསོ་བའི་བློན་པོ་བྱོན་ཏེ་ གསོ་བའི་ལས་བྱེདཔ་ཚུ་དང་གཅིག་ཁར་ དུས་ཡུན་ཆུ་ཚོད་༢ དེ་ཅིག་གི་རིང་ དྲི་བ་དང་བསླབ་བཀོད་ཚུ་གནང་ཡི།
དེ་བསྒང་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ གསོ་བའི་སྡེ་འཛིན་ངོ་ཚབ་ ཌོག་ཊར་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ སྨན་ཁང་ནང་ འོང་མི་ནདཔ་ཚུ་གི་དོན་ལུ་ གསོ་བའི་ཞབས་ཏོག་དེ་ ལེགས་ཤོམ་སྦེ་ སྤྲོད་ཚུགས་ནིའི་དོན་ལུ་ ན་ཧིང་ལས་ སྨན་ཁང་ནང་གི་ ཞབས་ཏོག་ཡར་དྲག་གཏང་ཐབས་ལུ་ སྨན་ཁང་གི་ བདག་སྐྱོང་དང་འཛིན་སྐྱོང་གིས་ ཐབས་ལམ་གསརཔ་བཏོན་ནིའི་དོན་ལུ་ འཐུས་མི་ཚུ་གཞི་བཙུགས་འབད་དེ་ ཟླ་རིམ་བཞིན་དུ་ སྨན་ཁང་གི་ ཞབས་ཏོག་ལེགས་བཅོས་ཀྱི་ ཞལ་འཛོམས་ཚུ་འགོ་འདྲེན་འཐབ་ཡོདཔ་མ་ཚད་ གྲུབ་འབྲས་ཡང་ ལེགས་ཤོམ་བྱུང་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འདས་པའི་ཟླཝ་༦ དེ་ཅིག་གི་ ཞིབ་འཚོལ་སྙན་ཞུ་དང་འཁྲིལ་བ་ཅིན་ མི་མང་གིས་ གསོ་བའི་ཞབས་ཏོག་གི་དོན་ལུ་ ཌོག་ཊར་ཚུ་དང་ འཕྱད་ནི་དེ་ སྤྱིར་བཏང་ནད་བརྟག་དཔྱད་ཀྱི་དོན་ལུ་འབད་བ་ཅིན་ མི་རེ་གིས་ དུས་ཡུན་སྐར་མ་༨ དེ་རེ་ བསྒུག་སྡོད་དགོཔ་འཐོནམ་མས་ཟེར་ཨིནམ་ད་ གསོ་བའི་མཁས་མཆོག་ ཌོག་ཊཪ་ཚུ་དང་འཕྱད་ནི་ཨིན་པ་ཅིན་ དུས་ཡུན་སྐར་མ་༣༠ ལས་༩༠ གི་བར་ན་ འགོརཝ་མས་ཟེར་ཨིན་པས།
དེ་ཡང་ གསོ་བའི་མཁས་མཆོག་ ཌོག་ཊར་ཚུ་ ཨ་རྟག་ར་ སྨན་ཁང་ནང་སྡོད་མི་ ནདཔ་ཚུ་བལྟ་བར་ དྲོ་པའི་ཆུ་ཚོད་༩ ལས་ འགོ་བཙུགས་མི་ལུ་བརྟེན་ ནདཔ་དང་འཁྲིལ་ འཕྲལ་འཕྲལ་ར་ དུས་ཡུན་ཉུང་ཤོས་ར་ ཆུ་ཚོད་༡ དང་༢ འགོར་དོ་ཡོདཔ་ལས་ མི་སེར་ཚུ་ སྨན་ཁང་ནང་འོང་བའི་སྐབས་ལུ་ ཌོག་ཊར་ཚུ་དང་ འཕྱད་ནིའི་དོན་ལུ་ དྲོ་པའི་ཆུ་ཚོད་༩ ལུ་མེན་པར་ ཆུ་ཚོད་༡༠ དེ་ཅིག་ཁར་འོང་པ་ཅིན་ དུས་ཡུན་ལེ་ཤ་ བསྒུག་སྡོད་དགོཔ་ལས་ མི་མང་གི་ མཐའ་དོན་ལུ་དམིགས་ཏེ་ ཁྲོམ་སྡེའི་ བརྡ་དོན་ལུ་ ས་གནས་ཀྱི་ རྒྱང་མཐོང་ནང་ གསལ་བསྒྲགས་འབད་ཡི་ཟེར་ཨིན་པས།
བློན་པོ་གིས་ གསུངས་མིའི་ནང་ མི་མང་གི་ མཐའ་དོན་ལུ་དམིགས་ཏེ་ ཌོག་ཊར་ཚུ་ལས་ འགོ་བཟུང་སྟེ་ གསོ་བའི་ལས་བྱེདཔ་ཡོངས་ཀྱིས་ ཕྱག་ལཱ་ལེགས་ཤོམ་གནང་དགོ་ཟེར་ཨིནམ་ད་ ནདཔ་ཚུ་དང་གཅིག་ཁར་ འབྲེལ་བ་ལེགས་ཤོམ་འཐབ་དགོ་ཟེར་ཨིནམ་མ་ཚད་ ལྷན་ཁག་དང་འབྲེལ་བའི་ གནད་དོན་ག་ཅི་ར་ཡོད་རུང་ སྦ་གསང་མེད་པར་ སྙན་ཞུ་འབད་དགོ་ཟེར་ཨིན་པས།
མོང་སྒར་སྨན་ཁང་ནང་ འདས་པའི་ལོ་ནང་འབད་བ་ཅིན་ སྨན་རིགས་ཚུ་ ལངམ་སྦེ་མེད་རུང་ དུས་ཅི་ལས་ སྨན་ཁང་ནང་ སྨན་རིགས་ཚུ་ ཚངམ་སྦེ་ཡོད་ཟེར་ཨིན་པས།
ད་རེས་ནངས་པ་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ གསོ་བའི་ལས་བྱེདཔ་༦༣ དང་ ཌོག་ཊར་༡༤ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment