གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡུས་ཚན་ནང་ གཞི་རྟེན་ཤེས་ཡོན་ལས་རིམ་ གཞི་བཙུགས་འབད་མི་ལུ་སྤྲོ་སྣང་།

༨/༡༠/༢༠༡༢   ༉ སྐྱེས་ལོ་༦༣ ལང་མི་ ལྷག་པ་ཤེར་པ་གིས་ འདས་པའི་བདུན་ཕྲག་ནང་ ཁོ་རའི་གཡུས་ཁར་ གཞི་རྟེན་ཤེས་ཡོན་ཁང་གསརཔ་ སྒོ་འབྱེད་འབད་སར་ ཁོ་རའི་ཁྱིམ་ རྩི་རང་ བེ་ཏི་ནི་སྟོད་ལས་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ རྐང་སྟོང་འོང་དགོ་མི་དེ་ལུ་ གནད་དོན་སྦོམ་ཅིག་ ཡོདཔ་ཨིན་པས།
གཞི་རྟེན་ཤེས་ཡོན་ནང་ བཅའ་མར་གཏོགས་མི་ ཤེར་པ་ཚུ།


གཞི་རྟེན་ཤེས་ཡོན་ལྷབ་མི་ཚུ་གི་གྲས་ལས་ རྒས་ཤོས་ཅིག་ཨིན་མི་ ལྷག་པ་གིས་ དགའ་འཛུམ་ཐོག་ལས་ སློབ་ཕྲུག་གཞན་ཚུ་དང་གཅིག་ཁར་ གྱལ་ནང་སྡོད་དེ་ སློབ་སྟོན་པ་གིས་ བྱང་ཤིང་གུ་ རྫོང་ཁའི་གསལ་བྱེད་སུམ་ཅུ་ སློབ་སྟོན་འབད་མི་ལུ་ སེམས་ཀྱི་གདིང་ལས་ར་ སྤྲོ་བ་བསྐྱེད་དེ་ ཉན་ཞིནམ་ལས་ ལོག་རྟིལ་ཤུལ་བདའ་སྟེ་ སླབ་ཨིན་པས།
ང་ར་ ཆུང་ཀུའི་བསྒང་ལས་ར་ སློབ་གྲྭ་ནང་འགྱོ་ནིའི་ རེ་བ་ཡོད་རུང་ དངམ་ཅིག་ལུ་ སློབ་གྲྭ་ཐག་རིང་པའི་ཁར་ ཕམ་ཉམ་ཆུང་འབད་ནི་དེ་གིས་ ཟད་འགྲོ་བཏང་མ་ཚུགས་པར་ གཡུས་ཁར་ ནོར་རྫིཔ་སྦེ་ལུས་སོཔ་ལས་ ད་ལྟོ་ བློ་འགྱོད་སྦོམ་བསྐྱེདཔ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྫོང་ཁ་མ་ཤེས་པ་ཅིན་ མི་ཚེ་དེ་ གནག་དུང་ནང་ སྡོད་དོ་བཟུམ་ཅིག་དང་ དབྱེ་བ་ག་ནི་ཡང་ མིན་འདུག་ཟེར་ཨིནམ་ད་ བརྡ་བྱང་ཚུ་ཡང་ རྫོང་ཁ་དང་ ཨིང་སྐད་ནང་བྲིས་ཡོད་མི་དེ་ ག་ཅི་སླབ་ཨིན་ན་ ཧ་མ་གོ་བའི་ཁར་ རྫོང་ཁའི་གནས་ཚུལ་ཚུ་ ལྷག་ནིའི་སྤྲོ་བ་ཡོད་རུང་ མ་ཤེས་པར་ མགུ་འཐོམ་ལུསཔ་མས་ཟེར་ཨིན་པས།
དེ་མ་ཚད་ ཕར་ཚུར་འགྲོ་འགྲུལ་འབདཝ་ད་ཡང་ མི་གཞན་དང་གཅིག་ཁར་ ཁ་སླབ་སྟེ་ བསམ་འཆར་བརྗེ་སོར་འབད་ནིའི་ མནོ་བསམ་ཡོད་རུང་ ཁ་མ་ཤེས་མི་ལུ་བརྟེན་ གླེན་གོ་བཟུམ་སྦེ་ སྡོད་དགོ་ནི་དེ་གིས་ གཞི་རྟེན་ཤེས་ཡོན་ལྷབ་པའི་ཤུལ་ལུ་ དཀའ་ངལ་ཚུ་ བསལ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཤེས་ཡོན་ལྷབ་མི་ཅིག་ སྐྱེས་ལོ་༣༧ ལང་མི་ གོ་པི་ ཤེར་པི་ནི་ཨིནམ་ད་ མོ་གིས་འབད་བ་ཅིན་ མོ་ར་ རེ་ཌི་ཨོ་གནས་ཚུལ་ཉན་ནི་ལུ་ སྤྲོ་བ་སྦོམ་ཡོདཔ་མ་ཚད་ རྩིས་ཁྲ་ཚུ་གི་ ཐོ་འབྲི་སྟེ་ བཞག་ནིའི་མནོ་བསམ་ཡོད་རུང་ འབྲི་ལྷག་མ་ཤེས་པའི་དཀའ་ངལ་ཡོདཔ་ལས་ ཤེས་ཡོན་སྦྱང་སྟེ་ དཀའ་ངལ་དེ་ བསལ་ཚུགསཔ་འབད་ནི་ལུ་ དང་འདོད་བསྐྱེད་དེ་ འཛུལ་ཡི་ཟེར་ཨིན་པས།
ད་རུང་ སྐྱེས་ལོ་༤༠ ཞེ་གྲངས་ནང་འབད་མི་ ཕོ་སྐྱེས་ཅིག་གིས་ སླབ་མིའི་ནང་ ཁོ་ར་ ཁ་ཐུན་དགེ་སྦྱོར་རེ་ གཏང་ནིའི་མནོ་བསམ་ཡོད་རུང་ དཔེ་ཆ་ཆ་མཉམ་ར་ རྫོང་ཁ་ནང་འབད་ནི་དེ་གིས་ ལྷག་མ་ཚུགས་པའི་ དཀའ་ངལ་ཡོདཔ་ལས་ རྫོང་ཁ་ལྷབ་ནིའི་དོན་ལུ་ སྤྲོ་བ་སྦོམ་བསྐྱེད་དོ་ཟེར་ཨིན་པས།
སྤ་ཚར་གླིང་སྟོད་སྤྱི་འོག་ནང་ ཁྱིམ་གུང་༤༦ ཡོད་མི་ཚུ་ ཆ་མཉམ་ར་ ཤེར་པ་ཚུ་ཨིནམ་ད་ འགོ་ཐོག་ལུ་ ཤེས་ཡོན་ལྷབ་མི་ མང་ཤོས་ར་ སྐྱེས་ལོ་༣༠ དང་༦༠ གི་བར་ན་འབད་མི་༢༢ ཡོདཔ་ཨིན་པས།
སྤྱི་འོག་གི་ཚོགས་པ་ ཟླ་བ་རྒྱལ་མཚན་ཤེར་པ་གིས་ སླབ་མིའི་ནང་ ཧེ་མ་ གཞི་རྟེན་ཤེས་ཡོན་ལྟེ་བ་དེ་ གཡུས་ཁ་ལས་ དུས་ཡུན་ཆུ་ཚོད་༢ ལྷགཔ་ཅིག་ འགྱོ་དགོ་པའི་ སྤ་ཚར་་གླིང་སློབ་གྲྭ་ཆུང་བའི་ནང་ཨིནམ་ལས་ སྤྱི་འོག་གི་ མི་སེར་ཚུ་གི་དོན་ལུ་ ལམ་ཐག་རིང་ནི་དེ་གིས་ ལྟེ་བ་གསརཔ་ དགོ་པའི་སྐོར་ལས་ ཞུ་ཞུཝ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།


རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment