གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སང་ཕོད་ཀྱི་ ལོ་ཕྱེད་ཚུན་ ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ བཀག་ཆ་འབད་མི་དེ་ ཚ་གྱང་གི་གཞི་གནད།

༦/༡༠/༢༠༡༢   ༉ བཙག་འཐུ་ལྷན་ཚོགས་ཀྱིས་ ཉིནམ་དག་པ་ཅིག་གི་ཧེ་མར་ སྤྱི་ལོ་༢༠༡༣ གྱི་ ཟླཝ་དང་པ་ལས་ འགོ་བཙུགས་ཏེ་ བཙག་འཐུའི་བྱ་རིམ་ཚུ་ མཇུག་མ་བསྡུ་ཚུན་ ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་མ་ཆོག་པའི་ གསལ་བསྒྲགས་འབད་མི་དེ་ལུ་ མི་ཚུ་ ཚ་གྱང་ལང་ཡོདཔ་ཨིན་པས།


དེ་ཡང་ གཡུས་སྒོ་ཚུ་ནང་ ལོ་ཆོག་དང་ གསོལ་མཆོད་ རིམ་གྲོ་ དེ་ལས་ གསོན་གཤིན་གྱི་ དགེ་རྩ་ཚུ་ བསྒྲུབ་དགོཔ་ཐོནམ་ད་ བྱ་སྟབས་མ་བདེཝ་ སྦོམ་སྦེ་ར་ འབྱུང་ནི་མས་ཟེར་ཨིན་པས།
རྫོང་བདག་ལ་ལུ་ཅིག་གིས་ སླབ་མིའི་ནང་ ལོ་བསྟར་གྱི་ ཚེས་བཅུ་རབ་གནས་དང་ དུས་མཆོད་འབུམ་སྡེ་ཚུ་གི་ཐད་ཁར་ བཀག་ཆ་འབད་ནིའི་ འོས་འབབ་ཅིག་ མ་མཐོང་རུང་ ཆོས་སྡེ་དང་ ཚོགས་སྡེ་ དེ་ལས་ སྒེར་མི་ཚུ་གིས་ ཆོས་ཕྱོགས་ཀྱི་ལས་རིམ་ དཔེ་འབད་བ་ཅིན་ དབང་ལུང་ཁྲིད་༣ ལ་སོགས་པ་ཚུ་ འགོ་འདྲེན་འཐབ་མ་ཆོགཔ་འོང་ཟེར་ཨིནམ་ད་ ཨིན་རུང་ དོགས་སེལ་གྱི་དོན་ལུ་ བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ གྲོས་བསྟུན་འབད་ནི་ཟེར་ཨིན་པས།
བུམ་ཐང་གི་རྫོང་རབ་ བསོད་ནམས་ཚེ་རིང་གིས་ སླབ་མིའི་ནང་ རྫོང་ཁག་ནང་འཁོད་ཀྱི་ ས་གནས་ཁག་ཚུ་ནང་ དུས་མཆོད་འབུམ་སྡེ་ གཏང་དགོ་པའི་ཐོ་ཚུ་ བསྡུ་ལེན་འབད་དོ་ཡོདཔ་མ་ཚད་ ཁྱིམ་གུང་རེ་གིས་ གཏང་སྲོལ་ཡོད་མི་ལོ་ཆོག་དང་ ཆོས་འབྲེལ་ལས་རིམ་གཞན་ཚུ་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་དང་ གྲོས་བསྟུན་ཐོག་ལས་ བསམ་འཆར་ལེན་ཏེ་ བཙག་འཐུ་ལྷན་ཚོགས་ལུ་ སྙན་ཞུ་ཕུལ་ནི་ཟེར་ཨིན་པས།
ཧེ་མའི་ ས་གནས་གཞུང་གི་བཙག་འཐུ་ནང་ བཅའ་མར་གཏོགས་མི་ གཡང་རྩེ་ལས་ རྒཔོ་ཅིག་གིས་ སླབ་མིའི་ནང་ གསལ་བསྒྲགས་འབད་མི་དེ་གིས་ མི་སེར་ཚུ་མ་ཚད་ འདེམས་ངོ་ཚུ་ཡང་ ཐ་ན་ རང་གི་ཉེ་ཚན་ཚུ་གི་ མི་ཤི་སར་ཡང་ འགྱོ་མ་ཆོག་མི་དེ་གིས་ བྱ་སྟབས་མ་བདེཝ་སྦོམ་སྦེ་ར་ འབྱུང་ནི་མས་ཟེར་ཨིན་པས།
སྤ་རོ་ལས་ ཞིང་པ་ པ་སངས་ཀྱིས་ སླབ་མིའི་ནང་ བཙག་འཐུའི་ཁྲིམས་ལུགས་དེ་ སྲིད་ཚོགས་དང་ འདེམས་ངོ་ཚུ་ལུ་ སྒྲིང་སྒྲིང་བཟོ་ཞིནམ་ལས་ ལག་ལེན་འཐབ་ནི་མ་གཏོགས་ དོན་དག་མེད་པར་ མི་མང་ལུ་ བྱ་སྟབས་མ་བདེཝ་བཟོ་སྟེ་ ཆོས་ཕྱོགས་ཀྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་མི་ཆོག་ཟེར་མི་དེ་ འོས་འབབ་མིན་འདུག་ཟེར་ཨིན་པས།
བུམ་ཐང་རྫོང་རབ་ཀྱིས་ སླབ་མིའི་ནང་ བུམ་ཐང་གི་ ལོ་བསྟར་དུས་མཆོད་ལས་རིམ་གྱི་ ཐོ་ཡིག་ཅིག་ནང་ལྟཝ་ད་ མང་ཆེ་ཤོས་ར་ སྤྱི་ཟླ་དང་པ་ལས་ འགོ་བཙུགས་ནི་དེ་གིས་ བཀག་ཆའི་་དུས་ཚོད་ནང་ ཚུདཔ་མས་ཟེར་ཨིན་པས།
སྤུ་ན་ཁ་རྫོང་བདག་ ཀུན་བཟང་ཨེན་ཚེ་རིང་གིས་ སླབ་མིའི་ནང་ མ་གཞི་ བཙག་འཐུ་ལྷན་ཚོགས་ཀྱི་ གསལ་བསྒྲགས་དང་འཁྲིལ་ ལག་ལེན་འཐབ་དགོཔ་ཨིན་རུང་ ལོ་བསྟར་གྱི་ དུས་མཆོད་ལས་རིམ་ཚུ་ བཀག་ཆ་མེད་པར་ ཨ་རྟག་ག་ཨིནམ་སྦེ་ར་ འགོ་འདྲེན་འཐབ་ནི་འོང་ཟེར་ཨིན་པས།
བཀྲིས་གཡང་རྩེ་ བུམ་སྡེ་གླིང་གི་ རྒཔོ་ཚེ་རིང་འགྱུར་མེད་ཀྱིས་ སླབ་མིའི་ནང་ ཁྱབ་བསྒྲགས་དེ་ ད་ལྟོ་ རྒེད་འོག་ནང་ མ་ལྷོད་རུང་ དེ་གིས་ མི་སེར་ཚུ་ལུ་ བྱ་སྟབས་མ་བདེཝ་འབྱུང་ནི་ཨིནམ་ལས་ གནད་དོན་དེ་ རྫོང་ཁག་ཚོགས་འདུའི་ནང་ གྲོས་བསྡུར་འབད་དེ་ བཙག་འཐུ་ལྷན་ཚོགས་ལུ་ སྙན་ཞུ་ཕུལ་དགོ་ནི་མས་ཟེར་ཨིན་པས།
བླམ་ཆོསཔ་ཚུ་གིས་ སླབ་མིའི་ནང་ ཁོང་གི་འགན་ཁུར་དེ་ར་ གསོན་གཤིན་གྱི་ དགེ་རྩ་བསྒྲུབ་ནི་དང་ རིམ་གྲོ་འབད་ནི་ཚུ་ཨིནམ་ལས་ ཞུ་མི་རེ་འཐོན་པ་ཅིན་ འབད་དགོཔ་འོང་ཟེར་ཨིནམ་ད་ དེ་མིན་པར་ ཆོསཔ་ཚུ་གིས་ སྲིད་འབྲེལ་གྱི་དོན་ལུ་ ཆོས་ཕྱོགས་ལས་རིམ་ཚུ་ འགོ་འདྲེན་འཐབ་མི་རེ་ འཐོན་པ་ཅིན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ལྟ་རྟོག་འབད་ནི་མ་གཏོགས་ བཀག་ཆ་འབད་ནི་ལུ་ འོས་འབབ་ཅིག་ མི་མཐོང་མས་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ མི་མང་གསལ་བསྒྲགས་འབད་མི་དང་འཁྲིལ་ ལག་ལེན་འཐབ་དགོཔ་འོང་ཟེར་ཨིན་པས།
གསལ་བསྒྲགས་ནང་ སང་ཕོད་ སྤྱི་ཟླ་དང་པ་ལས་འགོ་བཙུགས་ཏེ་ ཧ་ལམ་ སྤྱི་ཟླ་༧ པ་ཚུན་ འགོར་ནི་ཨིན་མི་ ཚོགས་ཁང་གོང་འོག་༢ ཀྱི་ བཙག་འཐུའི་བྱ་རིམ་ཚུ་ མཇུག་མ་བསྡུ་ཚུན་ མི་མང་འཚོགས་པའི་ ཆོས་ཕྱོགས་ལས་རིམ་ཚུ་ འགོ་འདྲེན་འཐབ་མི་ཆོག་ཟེར་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

1 comment:

  1. ཆོས་ཕྱོགས་ཀྱི་ལས་རིམ་བཀག་དགོ་པའི་དོན་དག་ངོ་མ་ཆོས་ཕྱོགས་ཀྱི་ལས་རིམ་འདི་གིས་གནོད་པ་འདུག་ཟེར་ཨིནམ་པ་ཅིན་དེ་བཙག་འཐུ་གི་སྐབས་རྐྱངམ་གཅིག་མེན་པར་ནམ་ཡང་གནོད་ནི་གི་ཉེན་ཁ་ཡོདཔ་ལས་རྩ་བ་ལས་རང་འབད་མི་ཆོགཔ་སྦེ་བཀག་པ་ཅིན་ལེགས་ཤོམ་འོང་ནི་ཨིནམ་མས་ཟེར་ཞུ་ནི་ཨིན།

    ReplyDelete