གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐྱེན་ངན་འཛིན་སྐྱོང་དང་འབྲེལ་བའི་སྦྱོང་བརྡར།

༡༣/༡༠/༢༠༡༢   ༉ ཐིམ་ཕུ་ལུ་སྦེ་ བདུན་ཕྲག་འདི་གི་ རེས་གཟའ་མིག་དམར་ལས་ འགོ་བཙུགས་ཏེ་ ཉིན་གྲངས་༥ གི་རིང་ འབྲུག་པའི་བརྡ་བརྒྱུདཔ་ཚུ་ལུ་ རྐྱེན་ངན་འཛིན་སྐྱོང་དང་འབྲེལ་བའི་སྦྱོང་བརྡར་ཅིག་ འགོ་འདྲེན་འཐབ་མི་དེ་ ཁ་ཙ་ མཇུག་བསྡུ་ཡི།
བརྡ་བརྒྱུདཔ་ཚུ་ སྦྱོང་བརྡར་འབད་བའི་བསྒང་།


རྒྱལ་ཁབ་ནང་ རྐྱེན་ངན་ཚབས་ཆེན་ ས་ཡོམ་དང་ ནགས་ཚལ་མེ་རྐྱེན་ ཁྱེགས་མཚོ་རྦེད་པའི་ གནོད་སྐྱོན་ཚུ་ སྦྱོང་བརྡར་གྱི་ དོན་ཚན་གཙོ་ཅན་ཅིག་ཨིནམ་ད་ དེ་ཚུ་གི་སྐོར་ལས་ བརྡ་བརྒྱུདཔ་ཚུ་གིས་ ཀུན་ལུ་ཕན་པའི་ གནས་ཚུལ་འབྲི་ཐངས་ཚུ་ སློབ་སྟོན་འབད་ཡི།
སྦྱོང་བརྡར་གྱི་སྐབས་ལུ་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ནང་ལས་ འགོ་དཔོན་ཚུ་གིས་ འདས་པའི་རྐྱན་ངན་ཚུ་ནང་ལས་ཐོབ་པའི་ ཉམས་མྱོང་ཚུ་དང་ ཉེན་ཁ་ཚུ་ གདོང་ལེན་འབད་ནིའི་དོན་ལུ་ ད་ལྟོ་ལས་ བཅའ་སྒྲིག་རྐྱབ་དགོ་པའི་སྐོར་ལས་ གསལ་བཤད་འབད་དེ་ བརྡ་སྤེལ་འབད་ཡོདཔ་ཨིན་པས།
རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱི་ཡོངས་ཁྱབ་དྲུང་ཆེན་ རྣམ་རྒྱས་དབང་ཕྱུག་གིས་ སླབ་མིའི་ནང་ བརྡ་བརྒྱུདཔ་ཚུ་ མི་མང་ལུ་ རྐྱེན་ངན་ཚུ་ལས་ སྲུང་སྐྱོབ་འབད་ནིའི་དོན་ལུ་ མི་མང་ལུ་ གོ་བརྡ་སྤྲོད་ནིའི་དོན་ལུ་ གལ་ཅན་ཅིག་ཨིནམ་ལས་ ལས་ཁུངས་དང་བརྡ་བརྒྱུད་༢ ལགཔ་གཅིག་ཁར་མཐུད་དེ་ ལཱ་འབད་ནིའི་དུས་ཚོད་རན་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚན་རིག་མཁས་པ་ཚུ་གིས་ ད་རུང་ ཤུགས་ཚད་མེག་ནི་ཅུཌི་༨ དང་༩ གི་བར་ན་འབད་མི་ ས་ཡོམ་ཅིག་ ཤར་ཧི་མ་ལ་ཡའི་ ས་ཁོངས་ནང་ རྐྱབ་ནི་ཨིན་པའི་སྐོར་ལས་ སྔོན་བཤད་འབད་ཡོདཔ་ལས་ འབྲུག་རྒྱལ་ཁབ་ཡང་ ཤར་ཧི་མ་ལ་ཡའི་ས་ཁོངས་ནང་ ཚུད་ནི་དེ་གིས་ ཉེན་ཁ་ཡོདཔ་ལས་ མི་སེར་ཚུ་ གྲ་སྒྲིག་འབད་སྡོད་དགོཔ་ གལ་ཆེ་ཟེར་ཨིན་པས།
སྦྱོང་བརྡར་དེ་ཡང་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འབྲུག་བརྡ་བརྒྱུད་སྤེལ་ཁང་གིས་ འགོ་འདྲེན་ཐོག་ འཛམ་གླིང་གནས་ཚུལ་ལས་ཁང་ རོའི་ཊཱར་གཞི་ཚོགས་ཀྱིས་ བྱིན་ཡོདཔ་ཨིན་པས།
ཐོམ་སཱན་ རོའི་ཊཱར་གཞི་ཚོགས་ཀྱི་ རྩོམ་སྒྲིག་འགོ་དཔོན་གཙོ་འཛིན་ ཊཱིམ་ལཱརཇི་གིས་ སླབ་མིའི་ནང་ འབྲུག་རྒྱལ་ཁབ་ནང་ འདས་པའི་བྱུང་རྐྱེན་ཚུ་ལུ་ལྟཝ་ད་ རང་བཞིན་གྱི་རྐྱེན་ངན་ཚུ་གིས་ གནོད་ཉེན་སྦོམ་ཡོདཔ་ལས་ དེ་ཚུའི་སྐོར་ལས་ གནས་ཚུལ་བསྡུ་ལེན་འབད་དེ་ ག་དེ་སྦེ་ འབྲི་ནི་ཨིན་ན་དང་ དེ་ལས་ གནས་ཚུལ་བསྡུ་ལེན་པ་ཚུ་གིས་ ཉེན་ཁ་ཆེ་བའི་ས་ཁོངས་ནང་ གནས་ཚུལ་བསྡུ་ལེན་འབད་བར་ འགྱོ་བའི་སྐབས་ ག་དེ་སྦེ་འབད་དགོཔ་ཨིན་ན་ ད་ལྟོ་ལས་ གྲ་སྒྲིག་འབད་དགོཔ་ཁག་ཆེ་ཟེར་ཨིནམ་ད་ ཕན་ཐོགས་ཅན་གྱི་ གནས་ཚུལ་ཚུ་གིས་ མི་མང་གི་མི་ཚེ་ལུ་ བསྒྱུར་བཅོས་སྦོམ་ བཟོ་ཚུགས་ཟེར་ཨིན་པས།
སྦྱོང་བརྡར་གྱི་སྐབས་ལུ་ གནས་ཚུལ་གྱི་ ཀུན་སྤྱོད་རྣམ་གཞག་ཚུ་གི་སྐོར་ལས་ རྩོད་བསྡུར་ཚུ་ཡང་ འབད་ཡོདཔ་ཨིན་པས།
གནས་ཚུལ་བསྡུ་ལེན་པ་༡༦ འབད་མི་ སྡེ་ཚན་གྱིས་ སྤུ་ན་ཁ་དང་ དབང་འདུས་ལུང་གཤོང་ནང་ ཁྱེགས་མཚོ་རྦེད་འོང་པའི་སྐབས་ ཉེན་ཅན་གྱི་ས་ཁོངས་ཚུ་ནང་ ཉེན་བརྡའི་བརྡ་སྐད་ གཞི་བཙུགས་འབད་ཡོད་སར་ ལྟ་སྐོར་འབད་ཡོདཔ་ཨིན་པའི་གནས་ཚུལ།


ཚེ་རིང་རྣམ་རྒྱལ།

No comments:

Post a Comment