གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཕྲུལ་ཆས་ཀྱི་ཐོག་ལས་ འབྱ་བརྔ་མི་དེ་གིས་ ལས་མི་མ་ལང་པའི་ དཀའ་ངལ་བསལ་ཚུགས་ནི།

༥/༡༠/༢༠༡༢   ༉ དུས་ཅི་ སྤུ་ན་ཁ་ བརཔ་རྒེད་འོག་ སོབ་སུ་ཁ་གཡུས་སུ་ཁ་གཡུས་ཚན་ནང་ འཕྲུལ་ཆས་ཀྱི་ཐོག་ལས་ འབྱ་བརྔ་མི་དེ་གིས་ སོ་ནམ་པ་༧༥ ལུ་ ལས་མི་མ་ཐོབ་པའི་ དཀལ་ངལ་བསལ་ཚུགས་ཡོདཔ་ད་ དེ་ཡང་ མི་༡ གིས་ ཉིནམ་༡ ནང་ འབྱ་བརྔ་མི་དེ་ འཕྲུལ་ཆས་ཀྱིས་ དུས་ཡུན་སྐར་མ་༡༥ ནང་ བརྔ་ཚར་དོ་ཡོདཔ་ཨིན་པས།
འཕྲུལ་ཆས་ཀྱི་ཐོག་ལས་ འབྱ་བརྔ་བའི་བསྒང་།


སྤྱི་ཟླ་༡༠ པའི་ཚེས་༣ ལུ་ གཡུས་ཚན་དེ་ནང་ འཕྲུལ་ཆས་ཀྱི་ཐོག་ལས་ འབྱ་བརྔ་ནིའི་ འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ སྐྱེས་ལོ་༥༥ ལང་མི་ བཅོ་ལྔམ་གི་ ཨ་རིང་ལེབ་༡ པོ་དེ་ ཨ་རྟག་འབད་བ་ཅིན་ འབྱ་བརྔཝ་ད་ ཉིནམ་༡ འགོར་མི་དེ་ འཕྲུལ་ཆས་ཀྱིས་ སྐར་མ་༡༥ འི་ནང་འཁོད་ལུ་བརྔ་ཡོདཔ་ཨིན་པས།
མོ་གིས་སླབ་མིའི་ནང་ ད་ལས་ཕར་ འཕྲུལ་ཆས་ཀྱི་ཐོག་ལས་ འབྱ་བརྔ་ཚུགས་ནིའི་ གོ་སྐབས་བྱུང་མི་ལུ་བརྟེན་ ལས་མི་མ་ཐོབ་པའི་དཀའ་ངལ་ བསལ་ཚུགས་ནི་མས་ཟེར་ཨིནམ་ད་ མོ་ལུ་ བུམོ་༣ ཡོད་རུང་ འབྱ་ལཱ་འབད་མི་ མོ་དང་ མོ་རའི་རྨགཔ་༢ ལས་མེད་ནི་དེ་གིས་ ལོ་ན་རྒསཔ་ད་ ལཱ་འབད་མ་ཚུགས་པའི་ཁར་ ད་རེས་ནངས་པའི་ ན་གཞོན་ཚུ་གིས་ འབྱ་ལཱ་འབད་ནི་ལུ་ སྤྲོ་བ་མ་བསྐྱེན་ནི་དེ་གིས་ ཧེང་སྐལ་ར་ ལས་མིའི་དཀའ་ངལ་ ཐོནམ་མས་ཟེར་ཨིན་པས།
ད་ལས་ཕར་ བཅོ་ལྔམོ་གི་ བཟའ་ཚང་གིས་ མོ་རའི་ ཆུ་ཞིང་ཌིསི་༩༠ དང་ གཞུང་གྲྭ་ཚང་གི་ ཆུ་ཞིང་ཨེ་ཀར་༣ བགོ་བཤའ་སྦེ་བཟའ་མི་ཚུ་ག་ར་ འཕྲུལ་ཆས་ཀྱི་ཐོག་ལས་ བསྡུ་ནིའི་རེ་བ་ ཡོད་ཟེར་ཨིན་པས།
བརཔ་རྒེད་འོག་གི་ སོ་ནམ་རྒྱ་བསྐྱེད་འགོ་དཔོན་ ཚེ་རིང་སྒྲོལ་མ་གིས་ འབད་བ་ཅིན་ གཡུས་ཚན་ནང་ ཧེ་མ་དང་ཕྱདཔ་ད་ ལས་མི་ལེ་ཤ་གིས་ བབས་སོ་ཡི་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཕོ་སྐྱེས་༥ དེ་ཅིག་ དེད་གཡོག་ནང་འགྱོ་བའི་ཁར་ ན་ཧིང་ཚུན་ དབང་འདུས་ཕོ་བྲང་ རིན་ཆེན་སྒང་རྒེད་འོག་ལས་ མི་གྲངས་༡༢ དེ་ཅིག་གིས་ གཡུས་ཚན་ནང་ འབྱ་ལཱ་འབད་བར་འོང་མི་ཚུ་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་ནང་འཛུལ་ཏེ་ འོང་མ་བཏུབ་ལས་ ལས་མི་མེད་པའི་དཀའ་ངལ་ སྦོམ་ཐོན་ཡི་ཟེར་ཨིན་པས།
ཨིན་རུང་ བེཊི་ནཱམ་ལས་ ནང་འདྲེན་འབད་མི་ འཕྲུལ་ཆས་དེ་གིས་ ད་ལས་ཕར་ དུས་ཡུན་ཐུང་ཀུ་ཅིག་ནང་ འབྱ་བརྔ་ཚར་ནི་ཨིནམ་ལས་ སོ་ནམ་ཞིང་པ་ཚུ་ སེམས་དགའ་སྟེ་ཡོདཔ་ད་ འཕྲུལ་ཆས་དེ་ སོ་ནམ་མཉམ་ལས་ཚོགས་ཆུང་སྦེ་ ཐོ་བཀོད་འབད་མི་ ཁྱིམ་གུང་པ་༧༥ གི་ འབྱ་ཞིང་ཨེ་ཀར་༤༠༠ དེ་ཅིག་ནང་ ལག་ལེན་འཐབ་ནི་ཨིན་པས།
ཚོགས་ཆུང་གི་ ཆུ་ཞིང་ཨེ་ཀར་༣༠ ནང་ དུས་ཅི་ལས་ མོ་བཏབ་ལས་རིམ་བཟུམ་ཅིག་སྦེ་ ཞིང་རྨོ་ནི་དང་ ལྕང་ལཱ་རྐྱབ་ནི་ ལྕངམ་བཙུགས་ནི་ གཡུར་མ་རྐྱབ་ནི་ འབྱ་བརྔ་ནི་ཚུ་ འཕྲུལ་ཆས་ཀྱི་ཐོག་ལས་ འབད་བའི་སྐབས་ དང་ཕུའི་ ལམ་ལུགས་དང་ འཕྲུལ་ཆས་ལག་ལེན་འཐབ་ཐོག་ལས་ འབྱ་ལཱ་འབད་མིའི ཁྱད་པར་ལྟ་ཡོདཔ་ཨིན་པས།
དེ་བསྒང་ འཕྲུལ་ཆས་ལག་ལེན་འཐབ་མི་དེ་གིས་ རེད་ཀེ་ཇི་༤༢༠ ཐེབས་ཐོན་མི་དེ་ རྩིས་ཕབ་ད་ འབྱ་ཞིང་ཨེ་ཀར་༣༠ ནང་ རེད་ཐེབས་ཀེ་ཇི་༡༢,༦༠༠ ཐོན་ཡོདཔ་ད་ ཁྱད་པར་དེ་ ཨ་རིང་ལེབ་ཅིག་ནང་ དང་ཕུའི་ ལམ་ལུགས་ཐོག་ལས་ འབྱ་བརྔཝ་ད་ རེད་ཀེ་ཇི་༣,༡༠༠ དང་ འཕྲུལ་ཆས་ཐོག་ལས་ འབྱ་བརྔཝ་ད་ རེད་ཀེ་ཇི་༣,༥༢༠ ཐོན་ཡོདཔ་ཨིན་པས།
བ་འཇོ་རང་བཞིན་སླར་འབྱུང་ཞིབ་འཚོལ་ལྟེ་བའི་ ལས་རིམ་མདོ་ཆེན་ མགོན་པོ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ འཕྲུལ་ཆས་ཀྱི་ཐོག་ལས་ འབྱ་ལཱ་འབད་བའི་སྐབས་ ཐོན་ཤུགས་ཡར་སེང་སོང་མི་དེ་ ལྕངམ་བཙུགས་པའི་ཁྱད་པར་ལུ་བརྟེན་ ཨིན་ཟེར་ཨིནམ་ད་ དེ་ཡང་ སོན་བཙུགས་ཏེ་ ལྕངམ་བཟོ་བའི་སྐབས་ དང་ཕུའི་ ལམ་ལུགས་ཐོག་ལས་ ཉུང་ཤོས་བདུན་ཕྲག་༤ དང་༥ གི་བར་ན་ བཞག་མི་དེ་གིས་ ལྕངམ་སྦོམ་ཐལ་ཏེ་ རེད་མང་སུ་ མི་ཐོན་ཟེར་ཨིནམ་ད་ དེ་ལས་ འཕྲུལ་ཆས་ཀྱི་ཐོག་ལས་ ལྕངམ་བཙུགས་མི་དེ་ བདུན་ཕྲག་༢ དང་༣ བཞག་པའི་སྐབས་ ལྕངམ་དེ་ གཞོནམ་སྦེ་ར་ སྡོད་ནི་དེ་གིས་ ཐོན་ཤུགས་མང་པས་ཟེར་ཨིན་པས།
དེ་མ་ཚད་ འཕྲུལ་ཆས་ཀྱི་ཐོག་ལས་ ལྕངམ་༡ བཙུགས་མི་གིས་ ཕུད་རྡོག་༡༧ དང་༢༡ གི་བར་ན་སྐྱེས་རུང་ དང་ཕུའི་ལམ་ལུགས་ཐོག་ལས་འབདཝ་ད་ ཕུད་རྡོག་༡ དང་༡༣ ལས་བརྒལ་ མ་སྐྱེས་བའི་མཐོང་སྣང་བྱུང་ནུག།
འཕྲུལ་ཆས་ཀྱི་ཐོག་ལས་ འབྱ་ལཱ་འབད་ནི་དེ་འགོ་དང་པ་ དགེ་ལེགས་ཕུག་ ཆུ་ཟེར་སྒང་ལས་ འགོ་བཙུགས་ཡོདཔ་ད་ ད་རེས་
སྤུ་ན་ཁ་རྫོང་ཁག་ནང་འབད་མི་དེ་ ལས་རིམ་༢ པ་ཨིནམ་ད་ དེ་བཟུམ་གྱི་ ལམ་ལུགས་དེ་ དབང་འདུས་དང་ རྩི་རང་ ཀྲོང་གསར་ དེ་ལས་ འབྱ་འཚོ་སའི་ ཤར་ཕྱོགས་རྫོང་ཁག་ ལ་ལུ་ཅིག་ནང་ཡང་ འགོ་བཙུགས་ནི་ཨིན་པས།
འགྲེམ་སྟོན་ལས་རིམ་དེ་ ཡོངས་གྲགས་ཅན་གྱི་ འཆི་མེད་ལྷ་ཁང་གི་ ཉེ་འདབས་ལུ་ འགོ་འདྲེན་འཐབ་པའི་སྐབས་ ལྷ་ཁང་མཇལ་མི་ ལྟ་བཤལཔ་ཚུ་ཡང་ ཡིད་ཆེས་ཀྱི་ཐོག་ལས་ ལྟདམོ་ལྟ་སྡོད་པའི་ མཐོང་སྣང་བྱུང་ཡོད་པའི་གནས་ཚུལ།


སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment