གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནོདཔ་བཀལ་མི་གཟིག་ཅིག་ ཤིང་སྒྲོམ་གྱི་ ཧིང་ནང་ཚུད་ཡོདཔ།

༥/༡༠/༢༠༡༢   ༉ མོང་སྒར་རྫོང་ཁག་ ས་གླིང་རྒེད་འོག་ ཀ་ལ་སྤང་གཡུས་ཚན་གྱི་ མི་སེར་ཚུ་ ཁ་ཙ་ ཉིནམ་༡ ར་ སོ་ནམ་ཞིང་ལཱ་འབད་ནི་ བཤོལ་བཞག་དགོཔ་ ཐོན་མི་དེ་ཡང་ ཁོང་གི་གཡུས་ཁ་ལུ་ དུས་ཅི་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་མི་ གཟིག་དེ་ སྤྱི་ཟླ་༡༠ པའི་ཚེས་༣ གྱི་ཕྱི་རུ་ ཤིང་སྒྲོམ་གྱིས་བཟོ་མི་ ཧིང་ནང་ཚུད་ཡོདཔ་ལས་ མི་སེར་ཚུ་ ཉིནམ་ཅིག་ར་ གཟིག་སྲུང་སྟེ་ སྡོད་ཡོདཔ་ཨིན་པས།
ཀ་ལ་སྤང་གི་ གཡུས་མི་ཚུ་ འདྲོག་འཇིགས་ཐོག་ལས་ ཤིང་སྒྲོམ་གྱི་ ཧིང་ནང་ཚུད་མི་གཟིག་ སྲུང་སྡོད་པའི་བསྒང་།


གཟིག་དེ་གིས་ སྤྱི་ཟླ་༡༠ པའི་ཚེས་༢ ལུ་ ཁྱིམ་ཅིག་གི་ བྱམོ་ཚུ་ལུ་ གནོདཔ་བཀལ་བར་འོང་ཡོདཔ་ལས་ ཇོ་བདག་གིས་ གཟིག་བཟུང་ནིའི་དོན་ལུ་ དེ་གི་ནངས་པར་ ཨེན་ཏ་གིས་ ཤིང་སྒྲོམ་སྦོམ་ཅིག་བཟོ་སྟེ་ ཨ་རྟག་ར་ གཟིག་འོང་སའི་ལམ་ཁར་ གེ་ཟའི་ཞིང་ནང་ བཞག་ཡོདཔ་ད་ དེ་ཚེ་ གཟིག་དེ་གིས་ ཤ་བཟའ་བར་ འགྱོ་ནི་འབད་ སྒྲོམ་ནང་འཛུལ་བའི་སྐབས་ སྒྲོམ་གྱི་སྒོ་དེ་ རང་བཞིན་གྱིས་ བསྡམས་ཡོདཔ་ལས་ ཁ་ཙ་ མི་སེར་དང་ ནགས་ཚལ་ལས་བྱེདཔ་ དེ་ལས་ མི་སྡེའི་འགོ་ཁྲིདཔ་ཚུ་ འབད་ཐབས་ག་ནི་ཡང་མེད་པར་ གཟིག་དེ་ སྲུང་སྡོད་དགོཔ་བྱུང་ནུག།
སྒྲོམ་གྱི་སྦོ་ལོགས་ཁར་འགྱོཝ་ད་ གཟིག་དེ་གིས་ སྐད་རྐྱབ་མི་ལུ་བརྟེན་ གཡུས་མི་ཚུ་ གེ་ཟའི་ཞིང་ནང་ར་ སྡོད་དགོཔ་བྱུང་ཡོདཔ་ད་ ཐིམ་ཕུ་ ནགས་ཚལ་ལས་ཁུངས་ཀྱི་ རི་དྭགས་སྲུང་སྐྱོབ་སྡེ་ཚན་ལས་ སྲོག་སྐྱབས་འབད་མི་ཚུ་ ཁ་ཙ་ ནུབ་མོའི་ཆུ་ཚོད་༡༢ དེ་གིས་ཅིག་ལུ་ ལྷོད་ནི་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ གཟིག་དེ་ མི་སེར་ཚུ་གིས་ གནས་སྐབས་བཏོན་ཐོག་ལས་ བཟུང་ཡོདཔ་ཨིན་རུང་ ནགས་ཚལ་འགོ་དཔོན་ཚུ་ལུ་ སེམས་ཅན་དྲན་མེདཔ་བཟོ་ནིའི་ སྨན་ཁབ་ཚུ་ ག་ཅི་ཡང་ མེད་མི་ལུ་ལྟཝ་ད་ ད་ལས་ཕར་ གཞུང་གིས་ རི་དྭགས་སེམས་ཅན་རྐྱངམ་གཅིག་ལུ་མ་ལྟ་བར་ མི་གི་ཚེ་སྲོག་ལུ་ཡང་ ཉེན་ཁ་ག་དེ་སྦེ་ བྱུང་དོ་ཡོདཔ་ཨིན་ན་ མཁྱེན་དགོཔ་འདུག་ཟེར་ སླབ་ཨིན་པས།
སོ་ནམ་པ་ རྒྱ་མཚོ་གིས་བཟོ་མི་ ཤིང་སྒྲོམ་དེ་ ཨེན་ཏ་སྟུག་ཚད་ཨིན་ཅི་༡ ལས་ མེད་ནི་དེ་གིས་ ཁ་ཙ་ ཉིན་ནུབ་༡ གི་རིང་ གཟིག་དེ་གིས་ ག་དེ་སྦེ་ སྡོད་ཚུགས་ག་ཟེར་ གཡུས་མི་ཚུ་ འདྲོག་འབྱེལ་འཐབ་ཡོདཔ་ད་ ལ་ལུ་ཅིག་གིས་ སླབ་མིའི་ནང་ གལ་སྲིད་གཟིག་དེ་ ཤིང་སྒྲོམ་ནང་ལས་ ཐོན་འགྱོ་བ་ཅིན་ མི་ཚུ་གིས་ འབད་ཐབས་ག་ནི་ཡང་མེདཔ་ལས་ འབྲེལ་ཡོད་ལྷན་ཁག་གིས་ མི་སེར་ཚུ་གི་དོན་ལུ་ མནོ་བསམ་སྦོམ་གཏང་དགོཔ་འདུག་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ གཡུས་ཚན་ནང་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་བར་མི་གཟིག་དེ་ ཉིན་གྲངས་༢༠ དེ་ཅིག་གི་རིང་ གཡུས་ཚན་ནང་ མ་ཐོན་ནི་དེ་གིས་ ཁོང་གི་སེམས་ཁ་ལས་འབད་བ་ཅིན་ རེ་ས་གཡུས་ཚན་ནང་ སོང་ནུག་ཟེར་མནོ་སྡོད་ཡོད་རུང་ གཟིག་དེ་ གཞན་ཅིག་ཨིནམ་ལས་ ཚ་གྱང་སྦོམ་སྦེ་ར་ ལངམ་མས་ཟེར་ཨིན་པས།
ད་རེས་ བཟུང་ཚུགས་མི་ གཟིག་དེ་གིས་ སྤྱི་ཟླ་༨ པའི་ཚེས་༢༣ གྱི་ནུབ་མོ་ བྱམོ་༥ བསད་པའི་ཁར་ ད་རུང་ སྤྱི་ཟླ་༡༠ པའི་ཚེས་༡ གི་ནུབ་མོ་ བྱམོ་༢ བསད་ཡོདཔ་ཨིན་པས།
དེ་མ་ཚད་ སྤྱི་ཟླ་༡༠ པའི་ཚེས་༢ ལུ་ ད་རེས་བཟུང་ཚུགས་མི་ ཇོ་བདག་གི་ བྱམོ་༡ བསད་ཡོདཔ་ལས་ གཡུས་ཚན་དེ་ནང་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་སྦོམ་སྦེ་ར་བཀལ་ཡོདཔ་ད་ འགོ་ཐོག་ སྤྱི་ཟླ་༨ པའི་ཚེས་༢༠ ལུ་ བྱམོ་༣ བསད་ཡོདཔ་ཨིན་པས།
དེ་ལས་ ཉིནམ་༣ གྱི་རྒྱབ་ལས་ ད་རུང་ ཁྱིམ་ཚང་ཅིག་གི་ བྱམོ་༣ བསད་ཡོདཔ་མ་ཚད་ གཞན་མི་༡ གི་བྱམོ་༥ བསད་པའི་ཁར་ ར་པོད་༡ ཡང་ བསད་ནི་གི་དཔའ་བཅམ་ཡོདཔ་ད་ སྤྱི་ཟླ་༩ པའི་ཚེས་༦ ལུ་ དོམ་བཱང་གཡུས་ཚན་ནང་ ཁྱིམ་༡ གི་བྱམོ་༤ བསད་ཡོདཔ་ཨིན་པས།
གཡུས་ཚན་དེ་ནང་ སྒོ་ནོར་སེམས་ཅན་ཚུ་ལུ་ གཟིག་གིས་གནོདཔ་བཀལ་མི་དེ་ མོང་སྒར་དང་ གླིང་མེད་ཐང་ནགས་ཚལ་འཛིན་སྐྱོང་སྡེ་ཕྲན་གྱིས་ གཟིག་ཨིན་ན་མེན་ན་ བལྟ་ནིའི་དོན་ལུ་ པར་ཆས་༤ བཙུགས་བཞག་མིའི་ནང་ སྤྱི་ཟླ་༨ པའི་ཚེས་༢༨ ལུ་ གཟིག་དེ་ཚུད་ཡོདཔ་ལས་ ཐིམ་ཕུ་ལས་ རི་དྭགས་སྲུང་སྐྱོབ་སྡེ་ཚན་གྱི་ འགོ་དཔོན་ཚུ་འོང་སྟེ་ བཟུང་ནིའི་དོན་ལུ་ གཡུས་ཁ་ལུ་བཟོ་མི་ ཤིང་སྒྲོམ་༣ བཙུགས་ཡོདཔ་ཨིན་པས།
ཨིན་རུང་ ཀ་ལ་སྤང་ཚོགས་པ་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ སྤྱི་ཟླ་༩ པའི་ཚེས་༢ ལུ་ གཟིག་དེ་གིས་ ཤིང་སྒྲོམ་ཅིག་ནང་ ཤ་བཟའ་བར་འོང་ཡོད་རུང་ ཤིང་སྒྲོམ་ནང་ གཟུག་ཕྱེད་ཀ་ལས་ འཛུལ་མ་ཚུགསཔ་ལས་ ཤ་འཐུ་འབག་སྟེ་སོང་མི་ལས་ཚུར་ གཟིག་དེ་ གཡུས་ཚན་ནང་ འོང་ནི་ལས་ བཀག་ཐབས་འབད་ཚུགས་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཀ་ལ་སྤང་གཡུས་ཚན་ནང་ སྤྱི་ཟླ་༧ པ་དེ་ཅིག་ལས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་མི་དེ་གིས་ ད་ཚུན་གྱི་བར་ན་ བྱམོ་༤༠ དེ་ཅིག་དང་ ནོར་༨ དེ་ལས་ ཕགཔ་དང་ ར་པོད་ཅིག་ལུ་ གནོདཔ་བཀལ་ཡི་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ འདས་པའི་དྲི་ལན་སྐབས་ རྫོང་ཁག་ནགས་ཚལ་འགོ་དཔོན་གཙོ་འཛིན་གྱིས་ སླབ་མིའི་ནང་ གཟིག་དེ་བཟུང་ཞིནམ་ལས་ ལོ་ན་རྒས་སོ་པ་ཅིན་ ཐིམ་ཕུ་བསྐྱར་གསོ་ལྟེ་བ་ནང་ བསྐྱལ་ནི་ཟེར་ཨིནམ་ད་ དེ་མེན་པ་ཅིན་ ས་གནས་གཞན་ཁར་ གཏང་དགོཔ་འོང་ཟེར་སླབ་ཡོདཔ་ཨིན།
ཁ་ཙ་ནུབ་མོ་ ཐིམ་ཕུ་ལས་ འགོ་དཔོན་སྡེ་ཚན་ཅིག་ ལྷོད་མི་དེ་གིས་ གཟིག་དེ་ལུ་ དྲན་མེད་བཟོ་ནིའི་ སྨན་ཁབ་རྐྱབ་སྟེ་ ད་རིས་ ཞིབ་དཔྱད་འབད་ནི་ཨིན་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment