གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་སྒང་གི་ མི་སེར་ཚུ་ལུ་ མེ་རླུང་རྒྱ་རྫི་ ཐོབ་མ་ཚུགས་པའི་དཀའ་ངལ།

༩/༡༠/༢༠༡༢   ༉ བཀྲིས་སྒང་གི་ འབྲུག་ས་སྣུམ་ལས་འཛིན་གྱིས་ རྒེད་འོག་སོ་སོ་ཚུ་ནང་ ཚོང་འབྲེལ་འཐབ་མི་ཚུ་ལུ་ མེ་རླུང་གེསི་རྒྱ་རྫི་ཚུ་ ལེ་ཤ་སྦེ་ བྱིན་མི་ལུ་བརྟེན་ མི་ཚུ་གིས་ བཀྲམ་སྤེལ་འདྲ་མཉམ་མེད་པའི་སྐོར་ལས་ ཉོགས་བཤད་བཀོདཔ་ཨིན་པས།
གཞུང་འཁོར་ཅིག་ནང་ མེ་རླུང་རྒྱ་རྫི་ཚུ་ བཙུགས་པའི་བསྒང་།


ཁ་ཙ་ བཀྲིས་སྒང་གི་ ས་སྣུམ་བླུགས་མཛོད་ཁང་ནང་ མེ་རླུང་རྒྱ་རྫི་ཉོ་བར་ སྣུམ་འཁོར་༢༠ དེ་ཅིག་ འོང་ཡོདཔ་ཨིན་རུང་ མང་ཤོས་ཅིག་ར་ ཙིགཔ་བཟའ་སྟེ་ ལོག་སོང་མི་དེ་ཡང་ མེ་རླུང་རྒྱ་རྫི་ཚུ་ སྣུམ་འཁོར་ཊཱག་གང་འབད་མི་དེ་ དུས་ཡུན་ཆུ་ཚོད་༡ གི་ནང་འཁོད་ལུ་ར་ རྫོགས་སོ་མི་ལུ་བརྟེན་ཏེ་ཨིན་པས།
དེ་སྦེ་ རྒྱ་རྫི་མ་ཐོབ་པར་ ལོག་འགྱོ་མི་ཚུ་ མང་ཤོས་ར་ རང་སོའི་ཁྱིམ་ནང་ བཞེས་སྒོ་འབད་ནིའི་དོན་ལུ་ རྒྱ་རྫི་རེ་རེ་ལས་མ་དགོ་མིའི་ ཞི་གཡོགཔ་ཚུ་ཨིན་པས།
འཇམ་དཔལ་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་དཔོན་ཅིག་གིས་འབད་བ་ཅིན་ ད་རེས་ཀྱི་བདུན་ཕྲག་ནང་ མེ་རླུང་རྒྱ་རྫི་མ་ཐོབ་པར་ ལོག་འགྱོ་དགོཔ་ཐོན་མི་དེ་ ཐེངས་༢ པ་ཨིན་ཟེར་ཨིན་པས།
མེ་རླུང་རྒྱ་རྫི་ཊཱག་དང་པ་དེ་ སྤྱི་ཟླ་༡༠ པའི་ཚེས་༢ ལུ་ལྷོད་ཡོདཔ་ད་ དེ་བསྒང་ཡང་ རྒྱ་རྫི་༢༨༠ འབད་མི་ཚུ་ དུས་ཡུན་ཆུ་ཚོད་ ཕྱེད་དང་༢ ཀྱི་ནང་འཁོད་ལུ་ རྫོགས་སོཔ་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ དཀའ་ངལ་ཐོན་མི་དེ་ཡང་ ས་སྣུམ་བླུགས་མཛོད་ཁང་གི་ ལཱ་འབད་མི་ཚུ་གིས་ མི་ལ་ལུ་ཅིག་ལུ་ གཱེས་༡ ལས་ལྷགཔ་སྦེ་ བྱིན་དོ་ཡོདཔ་མ་ཚད་ རྫོང་ཁག་ནང་ ལཱ་འབད་མི་ཅིག་གིས་འབད་བ་ཅིན་ མི་ལ་ལུ་ཅིག་གིས་ རྒྱ་རྫི་ཚུ་ སྣུམ་འཁོར་བོ་ལེ་རོ་ནང་ བཙུགས་འབག་འགྱོཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ དཀའ་ངལ་མི་བྱུང་ནིའི་དོན་ལུ་ རྒྱ་རྫི་བགོ་བཀྲམ་ཚུ་ ཚད་ལྡན་བཟོ་དགོཔ་ད་ ད་རེས་ཀྱི་གནས་སྟངས་བཟུམ་ཅིག་ འབད་བ་ཅིན་ དམིགས་བསལ་གྱི་ བཟའ་ཁང་ཇོ་བདག་ཚུ་ལུ་ ལེ་ཤ་སྦེ་བྱིན་མི་དེ་གིས་ དཀའ་ངལ་ ཐོནམ་མས་ཟེར་ཨིན་པས།
ཤེས་རབ་རྩེ་ མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་ཅིག་གིས་འབད་བ་ཅིན་ དེ་སྦེ་ རྒྱ་རྫི་ཚུ་ ལེ་ཤ་སྦེ་འབག་འགྱོ་མི་དེ་ ཚོང་འབྲེལ་གྱི་ལཱ་འབད་མི་ཚུ་ཨིནམ་ལས་ གལ་སྲིད་རྒྱ་རྫི་ཚུ་དགོ་པ་ཅིན་ ཁོང་ར་ མི་ངོ་བོ་སྦེ་ར་ འོང་དགོ་པའི་ལམ་ལུགས་ བཟོ་དགོཔ་འདུག་ཟེར་ཨིན་པས།
ད་རེས་ཁམས་ཅིག་ཁར་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ གློག་མེ་མེདཔ་ཐལ་བའི་སྐབས་ རྒྱ་རྫི་ལེ་ཤ་སྦེ་ ཉོ་བཞག་མི་ཚུ་གིས་ བཀང་ལུང་ལུ་ རྒྱ་རྫི་རེ་ལུ་ དངུལ་ཀྲམ་༧༠༠ རེ་སྦེ་ བཙོང་ཡོདཔ་ད་ ར་ལྡི་དང་ བར་མཚམས་ དེ་ལས་ རམ་འཇར་ཚུ་ནང་ཡང་ སྣུམ་འཁོར་བོ་ལེ་རོ་གི་ དེད་གཡོགཔ་ཚུ་གིས་ རྒྱ་རྫི་རེ་ལུ་ དངུལ་ཀྲམ་༥༨༠ ལས་༦༠༠ རེ་སྦེ་ བཙོང་དོ་ཡོད་པའི་མངོན་གསལ་བྱུང་ཡོདཔ་ཨིན་པས།
བར་མཚམས་ལས་ ཕོ་སྐྱེས་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ བར་མཚམས་དང་ རམ་འཇར་གྱི་ས་གནས་ཚུ་ནང་ མེ་རླུང་རྒྱ་རྫི་ཚུ་ བཀྲམ་སྤེལ་འབད་དོ་ཡོདཔ་བཞིན་དུ་ རམ་འཇར་ལུ་འབད་བ་ཅིན་ རྒྱ་རྫི་རེ་ལུ་ དངུལ་ཀྲམ་༦༠༠ དང་ བར་མཚམས་ལུ་ དངུལ་ཀྲམ་༥༨༠ རེ་སྦེ་ བཙོང་དོ་ཟེར་ཨིན་པས།
དེ་བཟུམ་གྱི་ལཱ་བྱ་འཐབ་མི་ཚུ་ བཀག་ཐབས་ལུ་དམིགས་ཏེ་ ད་རེས་ཁམས་ འབྲུག་ས་སྣུམ་ལས་འཛིན་གྱིས་ ཤོག་འཛིན་བྱིན་ནིའི་ ལམ་ལུགས་ཅིག་ འགོ་བཙུགས་ཡོདཔ་ཨིན་རུང་ ཚོང་འབྲེལ་འཐབ་མི་ཚུ་གིས་ མི་གཞན་གྱི་ ཤོག་འཛིན་ཚུ་བཏོན་ཐོག་ལས་ ལེན་འབག་འགྱོ་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༢ ལུ་ སྣུམ་འཁོར་བོ་ལེ་རོ་ཅིག་ནང་ རྒྱ་རྫི་༢༢ འབག་མི་ འཁང་མ་ལས་ དེད་གཡོགཔ་ནོར་བུ་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་འབག་མི་རྒྱ་རྫི་ཚུ་ ཚོང་འབྲེལ་འཐབ་ནིའི་དོན་ལུ་མེན་པར་ འཁང་མའི་ཞི་གཡོགཔ་ཚུ་གི་དོན་ལུ་ ཨིན་ཟེར་ཨིན་པས།
ཨིན་རུང་ སྤྱི་ཟླ་༡༠ པའི་ཚེས་༨ ལུ་ཡང་ དེད་གཡོགཔ་དེ་གིས་ མེ་རླུང་རྒྱ་རྫི་གཱེས་ སྣུམ་འཁོར་པིག་ཨཔ་གང་ བཙུགས་འབག་ས་ མཐོང་ཡོདཔ་ཨིན་པས།
བར་མཚམས་ལས་ སྣུམ་འཁོར་བོ་ལེ་རོ་བཏང་མི་ སྐལ་བཟང་གིས་ ཁ་ཙ་ རྒྱ་རྫི་སྟོངམ་༢༥ འབག་སྟེ་ འབྲུག་ས་སྣུམ་བླུགས་མཛོད་ཁང་ནང་ལྷོད་ཡོདཔ་ད་ ཁོ་གིས་སླབ་མིའི་ནང་ གཡུས་མི་ཚུ་གིས་ ཁོང་ར་ ངོ་བོ་སྦེ་ རྒྱ་རྫི་ལེན་པར་ འོང་མ་ཚུགས་ནི་དེ་གིས་ སྐྱེལ་འདྲེན་གྱི་འཐུས་ དངུལ་ཀྲམ་༥༠ རེ་སྤྲོད་དེ་ ཁོ་གིས་ ལེན་འབག་འོང་གནང་ཟེར་ སླབ་མས་ཟེར་ཨིན་པས།
ཁོ་གིས་ མེ་རླུང་རྒྱ་རྫི་གཱེས་ཚུ་ ཚོང་འབྲེལ་འཐབ་དོ་ཡོད་པའི་སྐོར་ལས་ ཁ་བཟེད་མ་བཏུབ་ད་ མི་སེར་ཚུ་གིས་འབད་བ་ཅིན་ འབྲུག་ས་སྣུམ་ལས་འཛིན་གྱིས་ མི་རེ་ལུ་ རྒྱ་རྫི་ཚད་ལས་བརྒལ་ཏེ་ བྱིན་ནི་མི་འོང་ཟེར་སླབ་ཨིན་པས།
བཀྲིས་སྒང་གི་ འབྲུག་ས་སྣུམ་ལས་འཛིན་གྱི་ འཛིན་སྐྱོང་པ་ དི་ལིཔ་ ཀུ་མར་ བཱན་ད་རི་གིས་ བཤད་མིའི་ནང་ མཁོ་འདོད་བཀོད་མི་ཚུ་གིས་ རང་སོའི་ཤོག་འཛིན་ཚུ་ བཏོན་ནི་མེད་པ་ཅིན་ རྒྱ་རྫི་ཚུ་ བྱིན་ནི་མེད་ཟེར་ སླབ་ཡོདཔ་མ་ཚད་ དེ་སྦེ་ གཞན་གྱི་ཤོག་འཛིན་ཚུ་ འབག་འོང་མི་ཚུ་ལུ་ བྱིན་དགོ་མི་དེ་ཡང་ མི་སེར་གྱི་ བྱ་སྟབས་བདེ་ཧིང་ལུ་དམིགས་ཏེ་ ལག་ལེན་འཐབ་ཅི་ཟེར་ སླབ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment