གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགོངས་རྫོགས་མཆོད་རྟེན་ནང་ ལོ་བསྟཪ་ཕུར་པའི་སྒྲུབ་ཆེན་ འགོ་བཙུགས་ཡོདཔ།

༣/༡༠/༢༠༡༢   ༉ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་མི་ ཕུར་པའི་སྒྲུབ་ཆེན་དེ་ ཐིམ་ཕུ་དགོངས་རྫོགས་མཆོད་རྟེན་ནང་སྦེ་ བླམ་ཀུན་བཟང་དབང་འདུས་ཀྱིས་ དབུ་བཞུགས་ཐོག་ལས་ སྒོམ་ཆེན་དང་ དགེ་སློང་ཚུ་གིས་སྦེ་ ཁ་ཙ་ལས་ འགོ་བཙུགས་གནང་དོ་ཡོདཔ་ཨིན་པས།
སྒྲུབ་ཆེན་སྐབས་ ལག་ལེན་འཐབ་མི་ ཕུརཔ་ཚུ།

བླམ་ཀུན་བཟང་དབང་འདུས་ཀྱིས་ དབུ་བཞུགས་ཐོག་ལས་ ཕུར་པའི་སྒྲུབ་ཆེན་ གནང་པའི་བསྒང་།

བཀའ་དགོངས་ཕུར་༣ གྱི་སྒྲུབ་ཆེན་དེ་ཡང་  དྲོ་པའི་ཆུ་ཚོད་༤ ལས་ ཕྱི་རུའི་ཆུ་ཚོད་༩ ཚུན་ སྒོམ་ཆེན་དང་ དགེ་སློང་སྡེ་ཚན་གཅིག་དང་ ཕྱི་རུའི་ཆུ་ཚོད་༩ ལས་ དྲོ་པའི་ཆུ་ཚོད་༤ ཚུན་ སྡེ་ཚན་གཞན་མི་གིས་ སྐོར་རྒྱབ་སྦེ་ བསགས་གནང་དོ་ཡོདཔ་ཨིན་པས།
བཀྲིས་སྒང་བར་མཚམས་ལས་ སྒོམ་ཆེན་ཞལ་གྲངས་༧༦ དང་ ཐར་བྲག་དགོན་པའི་དགེ་སློང་དང་ སེམས་རྟོགས་ཁ་བཤད་གྲྭ་ནང་ལས་ དགེ་སློང་ཞལ་གྲངས་༤༧ འབད་མི་གིས་ ཕུར་པའི་ལྷ་ཚོགས་ཀྱི་སྒྲུབ་ཆེན་བསགས་གནང་པའི་བསྒང་ཡོདཔ་ད་
བླམ་ཀུན་བཟང་དབང་འདུས་ཀྱིས་ སླབ་མི་དང་འཁྲིལཝ་ད་ ལོ་བསྟར་བཞིན་དུ་ ཕུར་པའི་སྒྲུབ་ཆེན་དེ་ བར་མཚམས་ལས་ སྒོམ་ཆེན་ཚུ་གིས་ གནང་ནིའི་སྲོལ་ཡོདཔ་བཞིན་དུ་ དུས་ཅི་ཡང་ སྒྲུབ་ཆེན་དེ་འགོ་བཙུགས་ཅི་ཟེར་ཨིནམ་ད་ ཕུར་པའི་སྒྲུབ་ཆེན་གནང་དགོ་མི་དེ་ མི་དབང་ཞིང་གཤེགས་དམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ལུ་ བཀྲིན་རྗེས་དྲན་དང་ རྒྱལ་ཁབ་ནང་ འབྱུང་བ་བཞིའི་རྐྱེན་ངན་བཟློག་ཐབས་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།

གསོན་གཤིན་གཉིས་ཀྱི་དོན་ལུ་ ཕྱི་ནང་གསང་༣ གྱི་ བགེགས་རྐྱེན་བར་ཆད་ཚུ་ཞི་སྟེ་ མཐུན་རྐྱེན་བསམ་དོན་ཡིད་བཞིན་དུ་ འགྲུབ་ཚུགས་ནི་དང་ ཚེ་རབས་ལས་ ཚེ་རབས་ཀྱི་བར་དུ་བསགས་པའི་སྡིག་སྒྲིབ་ཚུ་དག་སྟེ་ ངན་སོང་གི་ སྡུག་བསྔལ་ལས་འགྲོལ་ཏེ་ མཐོ་རིས་དང་ ཐར་པའི་བདེ་བ་འཐོབ་པའི་རྒྱུ་ངོ་མ་ཅིག་ཨིན་ཟེར་ཨིན་པས།
ང་བཅས་རའི་རྒྱལ་ཁབ་ནང་ ལོ་ཕྱུག་རྟག་ཏུ་ལེགས་ནི་དང་ ཆར་ཆུ་དུས་སུ་འབབ་ དཔལ་འབྱོར་གོང་འཕེལ་དང་ དབུལ་ཕོངས་ཀྱི་དཀའ་ངལ་སེལ་ནིའི་དོན་ལུ་ དད་ཅན་མི་སེར་ཚུ་གིས་ རང་སོའི་དད་པ་དང་ མོས་གུས་སྦོམ་བསྐྱེད་དེ་ ཕྱག་འཚལ་ སྐོར་ར་རྐྱབ་ ཁ་ཐུན་དགེ་སྦྱོར་ཚུ་བསགས་པ་ཅིན་ ཕན་ཡོན་སྦོམ་ཡོད་ཟེར་ཨིན་མས།
སེམས་རྟོགས་ཁ་བཤད་གྲྭ་ལས་ སློབ་དཔོན་དཔལ་འབྱོར་གྱིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ ཕུར་པའི་སྒྲུབ་ཆེན་དེ་ རང་ཟླ་༨ པའི་ཚེས་༡༥ ལས་འགོ་བཙུགསཔ་ཨིན་རུང་ དུས་ཅི་ རང་ཟླ་༨ པའི་ཚེས་༡༧ ལུ་ འགོ་བཙུགས་ཅི་ཟེར་ཨིན་པས།
ཕུར་པའི་སྒྲུབ་ཆེན་གནང་ནིའི་དོན་ལུ་ དུས་ཅི་ གྲྭ་ཚང་ལྷན་ཚོགས་ལས་ མ་དངུལ་རྒྱབ་སྐྱོར་ དངུལ་ཀྲམ་འབུམ་༧ དང་༥༠༠༠ གནང་ཡི་ཟེར་ ཨིནམ་ད་ དེ་གིས་ ཟད་འགྲོ་བཏང་ཐོག་ལས་ སེམས་རྟོགས་ཁ་བཤད་གྲྭ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ཉིན་ནུབ་མེད་པར་ ཕུར་པའི་ལྷ་ཚོགས་ཚུ་ བསྒྲུབ་གནང་དོ་ཡོདཔ་མ་ཚད་ ད་རིས་ཕྱི་རུའི་ ཆུ་ཚོད་༧ ལས་ སྟག་དཀར་དང་ སྤྲེལ་གིང་ དེ་ལས་ ཀུན་ཏུ་རྒྱལ་མོའི་སྐུ་འཆམ་ཚུ་ གནང་ནི་ཨིན་པས།
ཕུར་པའི་སྒྲུབ་ཆེན་དེ་ རང་ཟླ་༨ པའི་ཚེས་༢༥ ལུ་ འགྲོལ་གནང་ནི་དང་འབྲེལ་ དངོས་གྲུབ་བླངས་བ་གནང་ཐོག་ལས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment