གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཟོ་སྐྲུན་ས་ཁོངས་༦ ལུ་ ཉེས་བྱ་བཀལ་ཡོདཔ།

༡༣/༡༠/༢༠༡༢   ༉ བསམ་གྲུབ་ལྗོངས་མཁར་ ལུང་ཕྱོགས་ལཱ་གཡོག་དང་ལས་མིའི་ ཡིག་ཚང་གི་ འགོ་དཔོན་ཚུ་གིས་ ཉིནམ་༢ ཀྱི་ནང་འཁོད་ལུ་ བཟོ་སྐྲུན་ས་ཁོངས་༦ དེ་ཅིག་ལུ་ ལཱ་གཡོག་དང་ལས་མིའི་བཅའ་ཁྲམས་༢༠༠༧ ཅན་མའི་དགོངས་དོན་ལྟར་ འཕྲོད་བསྟེན་དང་ ཉེན་སྲུང་ ལག་ལེན་མ་འཐབ་པའི་གནད་དོན་ཐོག་ ཉེས་བྱ་ཚུ་བཀལ་ནུག།
བདེ་བ་ཐང་ལུ་ ཉེས་བྱ་བཀལ་མི་ བཟོ་སྐྲུན་ས་ཁོངས་ཚུ་གི་གྲས་ལས་ གཅིག།


ལཱ་གཡོག་དང་ལས་མིའི་ ཡིག་ཚང་གི་འགོ་དཔོན་ཚུ་གིས་ བཟོ་སྐྲུན་ས་ཁོངས་ཚུ་ནང་ འཕྲོད་བསྟེན་དང་ ཉེན་སྲུང་གི་ ལྟ་རྟོག་འབད་དགོཔ་སྦེ་ སྤྱི་ཟླ་༩ པའི་ཚེས་༡༠ ལུ་ ལས་གཡོག་ལྷན་ཁག་གིས་ སྤྱི་ཟླ་༡༠ པ་ལས་ ལག་ལེན་འཐབ་དགོ་པའི་ བཀའ་རྒྱ་གནང་མི་དང་འཁྲིལ་ སྤྱི་ཟླ་༡༠ པའི་ཚེས་༣ དང་༡༡ ལུ་ བཟོ་སྐྲུན་ལས་སྡེ་ཁག་ཚུ་ནང་ ཞིབ་དཔྱད་རྐྱབ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ ཞིབ་དཔྱད་རྐྱབ་པའི་སྐབས་ བཟོ་སྐྲུན་ས་ཁོངས་༣ ནང་ ལས་མི་༡༢ དེ་ཅིག་ ཉེན་སྲུང་གི་ལག་ཆས་དང་ གྱོན་ཆས་ཚུ་ ག་ནི་ཡང་ ལག་ལེན་མ་འཐབ་པར་ ལཱ་འབད་སར་ མཐོངམ་མ་ཚད་ བཟོ་སྐྲུན་ལས་སྡེ་༤ གིས་ ལས་མི་ཚུ་ལུ་ ཉེན་སྲུང་གི་ཅ་ཆས་ཚུ་ ག་ནི་ཡང་ མཁོ་སྤྲོད་མ་འབད་བས་ཟེར་ཨིན་པས།
བཟོ་སྐྲུན་ས་ཁོངས་ནང་ ཉེན་སྲུང་ཅ་ཆས་ཚུ་ ལག་ལེན་མ་འཐབ་པར་ ལཱ་འབད་མི་ རྒྱ་གར་གྱི་ལས་མི་༡༢ ལུ་ ཉེས་བྱ་དངུལ་ཀྲམ་༥༠༠ རེ་བཀལ་ཡོདཔ་ད་ ལས་མི་ཚུ་ལུ་ ཉེན་ཆས་མཁོ་སྤྲོད་མ་འབད་མི་ བཟོ་སྐྲུན་ལས་སྡེ་༤ ལུ་ ཉེས་བྱ་དངུལ་ཀྲམ་༩,༠༠༠ རེ་བཀལ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཉེས་བྱ་ཚུ་ ལས་མི་དང་ལཱ་གཡོག་བཅའ་ཁྲིམས་༢༠༠༧ ཅན་མའི་ དོན་ཚན་༩ པའི་དགོངས་ལྟར་ ལག་ལེན་འཐབ་ཅི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཉེས་བྱ་དེ་ ཁྲིམས་མཐུན་ལག་ལེན་མ་འཐབ་པའི་ འགོ་ཐོག་གི་ ཉེས་བྱ་ཨིནམ་ད་ ཐེངས་༢ པའི་ནང་འབད་བ་ཅིན་ ལས་མི་ཚུ་ལུ་ ཉེས་བྱ་དངུལ་ཀྲམ་༡,༠༠༠ རེ་དང་ ལཱ་གཡོག་སྤྲོད་མི་ཚུ་ལུ་ དངུལ་ཀྲམ་༣༦,༠༠༠ རེ་ བཀལ་འོང་ཟེར་ཨིནམ་ད་ བསམ་གྲུབ་ལྗོངས་མཁར་གྱི་ ལཱ་གཡོག་དང་ལས་མིའི་མདོ་ཆེན་ བསོད་ནམས་ཀྱིས་འབད་བ་ཅིན་ ཁྲིམས་ལུགས་དང་འཁྲིལཝ་ད་ ཐེངས་༣ པའི་ནང་ ཚུལ་མིན་ལག་ལེན་གྱི་ གནས་སྟངས་ཐོན་པ་ཅིན་ ཕྱི་ཁའི་ ལས་མི་ཚུ་གིས་ ལཱ་འབད་ཆོག་པའི་ ཆོག་ཐམ་ཆ་མེད་བཏང་ཐོག་ལས་ ལཱ་བྱིན་མི་ལས་སྡེ་དེ་ལུ་ ཉེས་བྱ་ལོག་ལྟབ་སྦེ་ བཀལ་འོང་ཟེར་ཨིན་པས།
ལུང་ཕྱོགས་ལཱ་གཡོག་དང་ལས་མིའི་མདོ་ཆེན་གྱིས་ སླབ་མིའི་ནང་ བཀའ་རྒྱ་དེ་དང་འབྲེལ་བའི་གནད་དོན་ཚུ་ བསམ་གྲུབ་ལྗོངས་མཁར་དང་ པདྨ་དགའ་ཚལ་ལུ་ བརྡ་དོན་ཁ་གསལ་གྱི་ གོ་བ་བརྡ་སྤྲོད་ཚུ་འབད་ཡི་ཟེར་ཨིན་པས།
དྲུང་ཁག་དང་ རྫོང་ཁག་ རྒེད་འོག་ཚུ་ སྒེར་སྡེ་ བཟོ་གྲྭ་ཁང་ དེ་ལས་ ས་གཏེར་ལས་སྡེ་ཚུ་ལུ་ བཀའ་རྒྱ་དང་གཅིག་ཁར་ ཉེན་སྲུང་ལམ་ལུགས་ཚུ་ ལག་ལེན་འཐབ་དགོ་པའི་ ཁྱབ་བསྒྲགས་ཚུ་ཡང་ ཡིག་ཐོག་ལུ་ བཏང་ཡི་ཟེར་ཨིན་པས།
ལཱ་འབད་སའི་ ས་ཁོངས་ནང་ ཉེན་སྲུང་གི་ཅ་ཆས་ཟེར་རུང་ མགུ་ཏོ་གུ་ ཉེན་སྲུང་གི་ཞྭམོ་དང་ ལྷམ་ ཁ་སྤུབས་ནི་ ཐོག་ཚད་རིངམོ་ཡོད་སར་ ཉེན་སྲུང་གི་ ཐགཔ་ལག་ལེན་འཐབ་ནི་ཚུ་ཨིན་པས།
དེ་བཟུམ་མའི་ ཞིབ་དཔྱད་ཚུ་ ད་ལྟོ་ བཟོ་སྐྲུན་ལས་སྡེ་ཚུ་ལས་ འགོ་བཙུགས་ཡོདཔ་ད་ ད་ལས་ཕར་ བཟོ་གྲྭ་ཁང་དང་ ས་གཏེར་ལས་སྡེ་ཚུ་ནང་ ལྟ་རྟོག་འབད་ནི་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གྲོང་གསེབ་ཚུ་ནང་ བཟོ་སྐྲུན་དང་འབྲེལ་བའི་ལཱ་ ལེ་ཤ་འབད་དོ་ཡོདཔ་ཨིན་རུང་ མ་དངུལ་གྱི་གནས་སྟངས་ལུ་བརྟེན་ ལྟ་རྟོག་འབད་བར་ འགྱོ་མ་ཚུགས་ཟེར་ ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment