གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགྲུལ་འཕྲིན་གྱི་ཞབས་ཏོག་ལུ་བརྟེན་ མི་མང་བརྒྱུད་འཕྲིན་གཏོང་ཁང་ཚུ་ མར་ཉམས་སོང་ཡོདཔ།

༥/༡༠/༢༠༡༢   ༉ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཁག་ཚུ་ནང་ འགྲུལ་འཕྲིན་གྱི་ཞབས་ཏོག་ ཁྱབ་ཚར་མི་ལུ་བརྟེན་ ཐིམ་ཕུ་ཁྲོམ་དང་ ས་གནས་གཞན་ཁའི་ མི་མང་བརྒྱུད་འཕྲིན་གཏོང་ཁང་ཚུ་ ལག་ལེན་འཐབ་མི་ དཀོན་དྲགས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ལག་ལེན་འཐབ་མི་མེད་པའི་ མི་མང་བརྒྱུད་འཕྲིན་གཏོང་ཁང་།


རྒྱལ་ཁབ་ནང་ སྤྱི་ལོ་༢༠༠༣ ཟླ་༡༡ པའི་ཚེས་༡༡ ལས་ འགྲུལ་འཕྲིན་གྱི་ཞབས་ཏོག་ འགོ་བཙུགས་མི་དང་འཁྲིལ་ རྒྱལ་ཁབ་ནང་ བརྒྱུད་འཕྲིན་ལག་ལེན་འཐབ་མིའི་གྱངས་ཁ་ མར་བབས་སོང་ཡོདཔ་མ་ཚད་ མི་མང་བརྒྱུད་འཕྲིན་བཏང་ས་ གཞི་བཙུགས་འབད་ནིའི་ ཆོག་ཐམ་ལེན་མི་ཡང་ མར་བབས་སོང་ཡོདཔ་ཨིན་པས།
བསྟན་རྒྱས་ལྷན་ཁག་འོག་གི་ ཚོང་འབྲེལ་སྡེ་ཚན་གྱི་ ཐོ་བཀོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༦ ལུ་ ཐིམ་ཕུ་ལུང་ཕྱོགས་འོག་གི་ རྫོང་ཁག་༦ ནང་ མི་མང་བརྒྱུད་འཕྲིན་བཏང་སའི་ ཆོག་ཐམ་༡༠༤ སྤྲོད་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༠༨ ལུ་ ཆོག་ཐམ་ལེན་མི་༢༡ ལུ་ མར་བབས་སོང་ཡོདཔ་སྦེ་བཀོད་ནུག།
ཚོང་འབྲེལ་སྡེ་ཚན་གྱི་མདོ་ཆེན་ གདུང་ཕྲུག་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༩ ལས་ མི་མང་བརྒྱུད་འཕྲིན་བཏང་ས་ གཞི་བཙུགས་འབད་ནིའི་དོན་ལུ་ ཆོག་ཐམ་ལེན་མི་ ཕུད་རྡོག་གཅིག་ཡང་ མ་ཐོན་ཟེར་ཨིནམ་ད་ དེ་ཡང་ ད་རེས་ནངས་པ་ འགྲུལ་འཕྲིན་ལག་ལེན་ཚུ་ བྱ་སྟབས་བདེ་དྲགས་ཡོད་ནི་དེ་གིས་ ཨིན་མས་ཟེར་ སླབ་ཨིན་པས།
ཐིམ་ཕུ་ཁྲོམ་ཁར་ མི་མང་བརྒྱུད་འཕྲིན་བཏང་ས་ བཙུགས་སྡོད་མི་ ཚོང་པ་ཅིག་གིས་ ད་རེས་ ཚོང་མགྲོན་པ་མེད་མི་ལུ་བརྟེན་ རྒྱུན་ལམ་བཏོགས་བཞག་ཡོདཔ་ད་ མོ་གིས་ དྲན་ཚོར་འབད་དེ་ ཀུན་གསལ་ལུ་སླབ་དོ་བཟུམ་འབད་བ་ཅིན་ འབྲུག་ལུ་ འགྲུལ་འཕྲིན་གྱི་ཞབས་ཏོག་མེད་པའི་སྐབས་ མི་མང་བརྒྱུད་འཕྲིན་བཏང་ས་ཚུ་ནང་ མི་གྱལ་བཙར་ཏེ་ སྡོད་ནི་ཡོད་ཟེར་ཨིནམ་ད་ ད་རེས་ ཚོང་འབྲེལ་དེ་ རྩ་ལས་མེད་པའི་གནས་སྟངས་ལུ་ ཐུག་སོ་ཡི་ཟེར་ཨིན་པས།
ཐིམ་ཕུ་ཁྲོམ་གྱི་སྦུག་ལུ་ ད་རེས་ཀྱི་གནས་སྟངས་ནང་ མི་མང་བརྒྱུད་འཕྲིན་ཁང་གི་ ཚོང་འབྲེལ་འཐབ་སྟེ་སྡོད་མི་ བི་ཌི་ཚོང་འབྲེལ་ཁང་གི་ཇོ་བདག་ བ་སུ་དེབ་ ཤར་མ་གིས་འབད་བ་ཅིན་ ད་རེས་ འབྲུག་མི་ཚུ་གིས་ མི་མང་བརྒྱུད་འཕྲིན་ཁང་ཚུ་ ལག་ལེན་མ་འཐབ་མི་དེ་ཡང་ འགྲུལ་འཕྲིན་ལག་ལེན་གྱི་སྐབས་ལུ་ གླ་འཐུས་ཚུ་ ཉུང་སུ་རེ་ལས་ མ་ཕོག་མི་ལུ་བརྟེན་ཏེ་ ཨིནམ་འོང་ནི་མས་ཟེར་ སླབ་ཨིན་པས།
མི་མང་བརྒྱུད་འཕྲིན་ཁང་གི་ ཆོག་ཐམ་དོན་ལས་ ལོ་རེ་ལུ་ འཐུས་དངུལ་ཀྲམ་༣,༠༠༠ དེ་རེ་ སྤྲོད་དགོཔ་ཨིན་རུང་ ཞབས་ཏོག་དེ་ ལག་ལེན་འཐབ་མི་མེདཔ་ལས་ ཁེ་སང་བཟོ་ནི་ཕར་བཞག་ ཐ་ན་ ཆོག་ཐམ་གྱི་འཐུས་ཡང་ ཐོབ་མ་ཚུགས་ནི་དེ་གིས་ ཚོང་པ་མང་ཤོས་ཅིག་གིས་ བརྒྱུན་ལམ་བཏོགས་བཞག་ཡོདཔ་ཨིན་པས།
ཨིན་རུང་ བ་སུ་དེབ་ཀྱི་ མི་མང་བརྒྱུད་འཕྲིན་བཏང་ས་དེ་ དམིགས་བསལ་དུ་ རྒྱ་གར་ལས་ འབྲུག་ལུ་ ལྟ་བཤལ་ནང་འོང་མི་ཚུ་གིས་ ལག་ལེན་འཐབ་དོ་ཡོདཔ་མ་ཚད་ དེ་དང་གཅིག་ཁར་ གློག་འཕྲིན་ཡང་ གཞི་བཙུགས་འབད་དེ་ཡོདཔ་ལས་ དཀའ་ངལ་སྦོམ་ཅིག་ ག་ཅི་ཡང་ མ་ཐོན་ཟེར་ཨིན་པས།
ཁོ་གི་ཚོང་ཁང་ནང་ ཟླཝ་རེ་ལུ་ གློག་འཕྲིན་གྱི་ ཞབས་ཏོག་ལེན་མི་གིས་མ་རྩིས་བར་ བརྒྱུད་འཕྲིན་བཏང་མི་ཡང་ མི་གྲངས་༢༠ དེ་རེ་ འོང་དོ་ཡོདཔ་ཨིན་པས།
འབྲུག་ལུ་ བརྒྱུད་འཕྲིན་གྱི་ཞབས་ཏོག་དེ་ སྤྱི་ལོ་༡༩༦༣ ལུ་ འགོ་བཙུགས་ཡོདཔ་ད་ སྤྱི་ལོ་༡༩༩༨ ལུ་ རྫོང་ཁག་༢༠ ག་རའི་ནང་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཨིན་རུང་ ཚོང་པ་ཚུ་གིས་ རང་སོའི་ སྟབས་བདེ་ཧིང་དང་འཁྲིལ་ཏེ་ ལ་ལུ་ཅིག་གིས་ ཆོག་ཐམ་ཚུ་ ཆ་མེད་བཏང་དོ་ཡོདཔ་ལས་ ད་ལྟོ་ རྒྱལ་ཁབ་ནང་ མི་མང་བརྒྱུད་འཕྲིན་བཏང་ས་ ག་དེམ་ཅིག་ཡོདཔ་ཨིན་ན་ སླབ་མི་ཚུགསཔ་ཨིན་པའི་གནས་ཚུལ།


ནོར་འཛིན་ལྷ་མོ།

No comments:

Post a Comment