གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚད་ལས་བརྒལ་བའི་ ཐོབ་བརྗོད་བཀོད་ཡོདཔ།

༢/༡༠/༢༠༡༢    འདས་པའི་ཟླཝ་ནང་ འབྲུག་གི་ཕྱི་འབྲེལ་དོན་གཅོདཔ་༣ གྱིས་ ཡུ་ཨེསི་ཌོ་ལར་༢༤,༨༥༤.༧༩ རྩིས་ཞིབ་ཀྱི་ འོང་འབབ་རྩིས་ཁྲ་ནང་ ལོག་བཙུགས་ནུག།

༉ ལོ་ངོ་༥ དེ་ཅིག་གི་ཧེ་མར་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་ཡིག་ཚང་གི་ ཕྱི་འབྲེལ་དོན་གཅོདཔ་༣ གྱིས་ ངལ་གསོའི་འགྲུལ་བསྐྱོད་ཀྱི་འཐུས་ ཚད་ལས་བརྒལ་ཏེ་ ཐོབ་བརྗོད་བཀོད་མི་དེ་ ཟད་རྩིས་དང་འཁྲིལ་ མ་དངུལ་ལྷག་ལུས་ཚུ་ འདས་པའི་ཟླཝ་ནང་ རྩིས་ཞིབ་ཀྱི་ འོང་འབབ་རྩིས་ཁྲ་ནང་ ལོག་བཙུགས་ནུག།
དེ་ཡང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སྤྱི་ལོ་༢༠༠༩ ལུ་ ལོ་བསྟར་རྩིས་ཞིབ་སྙན་ཞུའི་ནང་ ཐོབ་ལམ་ལས་འགལ་བའི་ མ་དངུལ་ཐོབ་བརྗོད་བཀོད་མི་དེ་ གཞུང་རྩིས་ནང་ ལོག་བཙུགས་དགོཔ་སྦེ་ གསལ་བཀོད་འབད་དེ་ ལོ་ཕྱེད་དང་༤ ལྷགཔ་ཅིག་གི་རིང་ རྩོད་རྙོགས་ཅན་གྱི་ གཞི་གནས་ཅིག་ལུ་ གྱུར་སོ་པའི་ཤུལ་ལུ་ ཁ་ཉེས་ཕོག་མི་ ཕྱི་འབྲེལ་ལྷན་ཁག་གི་ འགོ་དཔོན་༣ གྱིས་ དངུལ་ཀྲམ་ས་ཡ་༡.༡༣ ལྷགཔ་ཅིག་ (ཡུ་ཨེསི་ཌོ་ལར་༢༤,༨༥༤.༧༩) གཞུང་ལུ་ སོར་ཆུད་འབད་ཡོདཔ་ཨིན་པས།
འགོ་དཔོན་གསུུམ་གྱིས་ འབྲུག་གི་གཏན་འཇགས་སྐུ་ཚབ་ཡིག་ཚང་ནང་ ལཱ་འབདཝ་ད་ ཁོ་ར་དང་ བཟའ་ཚང་ཚུ་ ངལ་གསོའི་དོན་ལས་ རྒྱལ་ཁབ་ནང་ འགྱོ་མི་དང་ ལོག་སྟེ་ལཱ་འབད་སར་འོང་མི་ ཡང་ཅིན་ ཕར་ཚུར་འགྲུལ་བསྐྱོད་འབད་བའི་ ཡུ་ཨེསི་ཌོ་ལར་༡༥,༣༢༤ ལྷགཔ་རེ་ ཐོབ་བརྗོད་བཀོད་མི་དེ་ ཚད་ལས་བརྒལ་ཡོདཔ་ལས་ གཞུང་ལུ་ ལོག་བཙུགས་དགོཔ་སྦེ་ རྩིས་ཞིབ་སྙན་ཞུ་བཏོན་ཡོདཔ་ད་ དེ་བསྒང་ ཌོ་ལར་རེ་ལུ་ དངུལ་ཀྲམ་༤༥.༥ རེ་སྦེ་རྩིས་རྐྱབ་སྟེ་ ཐོབ་བརྗོད་བཀོད་ཡོདཔ་ཨིན་པས།
ཧེ་མར་ ཕྱི་འབྲེལ་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ དོགས་སེལ་འབད་མི་དང་འཁྲིལཝ་ད་ ཨེཆ་ཨེལ་ཊི་པི་ཟེར་མི་ ཕྱི་འབྲེལ་ཞབས་ཏོག་གི་ ཐོབ་ལམ་དེ་ འབྲུག་གི་སྐུ་ཚབ་དང་ ཡང་ཅིན་ གཞུང་ཚབ་ལས་ཁང་ ག་ཏེ་ར་ཨིན་རུང་ ཕྱི་འབྲེལ་དོན་གཅོདཔ་རེ་གིས་ གནས་ཡུན་ཅིག་ནང་ཚར་རེ་ རང་སོའི་བཟའ་ཚང་དང་གཅིག་ཁར་ རྒྱལ་ཁབ་ནང་ འོང་ནི་དང་ ལོག་འགྱོ་ནི་གི་ གནམ་གྲུའི་ཤོག་འཛིན་ཚུ་ ཉོ་བའི་འཐུས་སྦེ་ སྤྲོད་མི་ལུ་ སླབ་ཨིན་པས།
དེ་འབདཝ་ད་ ཨེཆ་ཨེལ་ཊི་པི་ འཐུས་ཐོབ་བརྗོད་བཀོད་ནིའི་དོན་ལུ་ འགྲུལ་བསྐྱོད་འབད་བའི་ གནམ་གྲུའི་ཤོག་འཛིན་དང་ ལམ་ཡིག་ནང་ སྐྱོད་ཐམ་གྱི་ཐིའུ་རྐྱབ་པའི་ སྒྲུབ་བྱེད་དེ་ ཡིག་ཆ་ཚུ་གི་ཐོག་ལུ་ གསལ་སྟོན་འབད་དགོཔ་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་དང་ དངུལ་རྩིས་ལྷན་ཁག་གཉིས་ཆ་ར་ལས་ འཐུས་མི་ཚུ་ཡོད་མི་ ཚོགས་ཆུང་ཅིག་གིས་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ རྩོད་དོན་དེ་གི་སྐོར་ལས་ གྲོས་བསྡུར་གནང་སྟེ་ དམིགས་བསལ་ཐོག་ལས་ གྲོས་འཆམ་བྱུང་མི་དེ་ཡང་ མ་གཞི་ ཕྱི་འབྲེལ་ཞབས་ཏོག་གི་ ཐོབ་ལམ་བཅའ་ཡིག་དང་འཁྲིལཝ་ད་ འགྲུལ་བསྐྱོད་འབད་བའི་ སྒྲུབ་བྱེད་སྦེ་ གནམ་གྲུའི་ཤོག་འཛིན་ཚུ་ གསལ་སྟོན་འབད་དགོཔ་ཨིན་རུང་ གནད་དོན་འདི་ནང་ ལམ་ཡིག་ནང་ སྐྱོད་ཐམ་གྱི་ ཐིའུ་རྐྱབ་མི་ལུ་ གཞི་བཞག་ནི་སྦེ་ ཐག་བཅད་ཡོད་ཟེར་ དངུལ་རྩིས་དྲུང་ཆེན་ བླམ་རྡོ་རྗེ་གིས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་དང་ ཕྱི་འབྲེལ་ལྷན་ཁག་ལུ་ འབྲེལ་ཡོད་འགོ་དཔོན་ཚུ་ལས་ དུས་ཡུན་ཟླ་ངོ་༡ གི་ནང་འཁོད་ལུ་ མ་དངུལ་ལོག་བཙུགས་བཅུག་དགོ་པའི་ ཡི་གུ་ཅིག་བསྐྱལ་ནུག།
ཚོགས་ཆུང་གི་ གྲོས་ཆོད་དང་འཁྲིལ་ དེ་བསྒང་ གཞན་སྐུ་ཚབ་འགོ་དཔོན་འོག་མ་སྦེ་ ཕྱག་ཞུ་མི་ ཀུན་དགའ་སེངྒེ་གིས་ ཡུ་ཨེསི་ཌོ་ལར་༡༥,༣༦༧.༩༦ ཐོབ་བརྗོད་བཀོད་མི་ལས་ ཌོ་ལར་༣༨༤༡.༩༩ རྩིས་ཞིབ་ཀྱི་ འོང་འབབ་རྩིས་ཁྲ་ནང་ ལོག་བཙུགས་མི་དེ་ཡང་ ཁོ་དང་ ཁོ་རའི་གནས་ཚང་ དེ་ལས་བུམོ་དང་བུ་ཚུ་ སྤྱི་ལོ་༢༠༠༦ ལུ་ འབྲུག་ལུ་འོང་སྟེ་ ཡུ་ཨེསི་ཨེ་ལུ་ ལོག་སོང་བའི་ ལམ་ཡིག་ཚུ་ནང་ སྐྱོད་ཐམ་ཐོ་བཀོད་ཡོདཔ་ལས་ འགྲུལ་བསྐྱོད་འབད་བའི་ ཟད་འགྲོགྲངས་སུ་ ངོས་ལེན་འབད་ཡོད་རུང་ ཁོ་གི་བུ་༡ འགྲུལ་བསྐྱོད་མ་འབད་བའི་ མངོན་གསལ་བྱུངམ་ལས་ ཏི་རུ་སླར་ལོག་ བཙུགས་དགོཔ་ བྱུང་ཡོདཔ་ཨིན་པས།
སྐུ་ཚབ་ལས་ཁང་གི་ མཉམ་འབྲེལ་གྲོས་དཔོན་བགྲེསཔ་ སངས་རྒྱས་རིན་ཆེན་གྱིས་ ཌོ་ལར་༡༥,༣༢༤.༣༦ ཐོབ་བརྗོད་བཀོད་ཡོདཔ་ད་ བསྐྱར་ཞིབ་ཚོགས་ཆུང་གི་ སྙན་ཞུ་དང་འཁྲིལཝ་ད་ སངས་རྒྱས་རིན་ཆེན་དང་ ཁོ་གི་བཟའ་ཚང་ཚུ་ ཀེ་ན་ཌ་ལུ་ སོང་ཡོད་པའི་ ལམ་ཡིག་གི་འདྲ་པར་ཚུ་ བཙུགས་ཡོད་རུང་ འགྲུལ་འཐུས་ཚུ་ རྒྱབ་ཁུངས་ཡིག་ཆ་ ག་ནི་ཡང་མེད་པར་ ཐོབ་བརྗོད་བཀོད་ནུག་ཟེར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཉོགས་བཤད་བཀོད་པའི་ཤུལ་ལས་རྐྱངམ་གཅིག་ ཀེ་ན་ཌ་ལུ་ སོང་ནུག་ཟེར་ཨིན་པས།
ཨིན་རུང་ ཁོ་གི་བུ་དེ་ རྩིས་ཞིབ་མ་འབད་བའི་ཧེ་མར་ འགྲུལ་བསྐྱོད་འབད་མི་དེ་ལུ་ ཐོབ་བརྗོད་བཀོད་མི་ལས་ བརྒྱ་ཆ་༥༠ ཟད་རྩིས་གྲངས་སུ་ ངོས་ལེན་འབད་དེ་ མ་དངུལ་ལྷག་ལུས་ ཌོ་ལར་༡༣,༤༠༨.༨༢ རྩིས་ཞིབ་ཀྱི་ འོང་འབབ་རྩིས་ཁྲ་ནང་ བཙུགས་དགོཔ་ཐོན་ནུག།
དེ་ལས་ ངལ་གསོའི་འགྲུལ་འཐུས་ ཌོ་ལར་༡༥,༣༢༤.༣༦ ཐོབ་བརྗོད་བཀོད་མི་ དངུལ་རྩིས་འགོ་དཔོན་བགྲེསཔ་ ལས་འཕྲོ་དང་ ཁོ་གི་གནས་ཚང་དེ་ འབྲུག་དང་ ཡུ་ཨེསི་ཨེ་གི་བར་ན་ ལན་ཐེངས་ལེ་ཤ་ འགྲུལ་བསྐྱོད་འབད་ཡོད་རུང་ ཁོང་གི་ཨ་ལུ་ཚུ་ འགྲུལ་བསྐྱོད་འབད་བའི་ གནས་ཐོ་མེདཔ་ཨིན་པས།
ཕྱི་འབྲེལ་ཐོབ་ལམ་བཅའ་ཡིག་དང་འཁྲིལ་བ་ཅིན་ འགྲུལ་བསྐྱོད་ལན་ཐེངས་ག་དེམ་ཅིག་ར་འབད་རུང་ འགྲུལ་བསྐྱོད་ཐེངས་༡ ལུ་མ་གཏོགས་ འགྲུལ་འཐུས་ཀྱི་ ཐོབ་ལམ་མེད་མི་ལུ་བརྟེན་ ལས་འཕྲོ་དང་ ཁོ་གི་གནས་ཚང་གི་ འགྲུལ་བསྐྱོད་ལན་ཐེངས་༡ ལུ་ རྐྱངམ་གཅིག་ ངོས་ལེན་འབད་ཡི་ཟེར་ དངུལ་རྩིས་དྲུང་ཆེན་གྱིས་ འབྲེལ་ཡོད་ ལས་འཛིན་གཉིས་ལུ་བཏང་མི་ ཡི་གུའི་ནང་ གསལ་བཀོད་འབད་ནུག།
དེ་འབདཝ་ལས་ འཕྲལ་ཁམས་ཅིག་ཁར་ དགོངས་ཞུ་འབད་མི་ ལས་འཕྲོ་གིས་ ཟད་རྩིས་བརྒྱ་ཆ་༥༠ འབདཝ་ད་ ཌོ་ལར་༧,༦༨༣.༩༨ རྩིས་ཞིབ་ཀྱི་ འོང་འབབ་རྩིས་ཁྲ་ནང་ ལོག་བཙུགས་ཡོད་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment