གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༨/༦/༢༠༡༣   འབྲུག་གི་དམངས་གཙོའི་རིང་ལུགས་ གཞན་དང་མ་འདྲཝ་ག་ནི་ཡང་མེདཔ།
༉ འབྲུག་གི་དམངས་གཙོའི་རིང་ལུགས་འདི་ འཛམ་གླིང་ནང་ དུས་རབས་ལེ་ཤ་ཅིག་གི་ཧེ་མར་ གཞི་བཙུགས་འབད་མི་ འཛམ་གླིང་རྒྱལ་ཁབ་ཚུ་གི་ མིག་དཔེ་ཚུ་ལུ་ གཞི་བཞག་སྟེ་ གཞི་བཙུགས་འབད་ཡོདཔ་ལས་ ཁྱད་ཆོས་གཞན་དང་མ་འདྲཝ་སྦེ་ འོང་དགོཔ་ཨིན།



དེ་མ་ཚད་ འབྲུག་གི་རྩ་ཁྲིམས་ཆེན་མོ་དེ་ཡང་ འཛམ་གླིང་རྒྱལ་ཁབ་༡༠༠ ལྷགཔ་ཅིག་གི་ རྩ་ཁྲིམས་ཆེན་མོ་ཚུ་ལུ་ གཞི་འཛིན་འབད་དེ་ བརྩམས་ཡོདཔ་ལས་ ཐུན་མོང་མ་ཡིན་པ་ཅིག་སྦེ་ ར་བཏགས་དགོཔ་ཨིན།
འདི་འབདཝ་ལས་ བཙག་འཐུ་གྲུབ་པའི་ གཞུང་སྐྱོང་དང་པ་གིས་ཡང་ རྩ་ཁྲིམས་ཆེན་མོ་ གོང་ལུ་བཀུར་ཏེ་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་སྒྲིང་སྒྲིང་སྦེ་ བཙུགས་ནི་ལུ་ ག་དེ་དྲག་དྲག་ བརྩོན་ཤུགས་བསྐྱེད་ཡོདཔ་བཞིན་དུ་ མི་སེར་ལས་ཡང་ དམངས་གཙོའི་བྱ་རིམ་ལུ་ ལྷན་ཐབས་འབད་དང་འབད་བཞིན་དུ་ཡོདཔ་ཨིན།
ང་བཅས་ཀྱིས་ འདས་པའི་ལོ་ལྔ་ལུ་ རྒྱབ་ལོག་ལྟ་བ་ཅིན་ མི་སེར་གྱི་ དལ་དབང་དང་ ཐོབ་དབང་ཚུ་ བསམ་བརྗོད་ལས་འདས་པའི་ ལེགས་བསྒྱུར་སོང་ཡོདཔ་མ་ཚད་ དམངས་གཙོའི་བྱ་རིམ་ཡང་ མདུན་ལམ་ལུ་ ཞུགས་ཡོད་པའི་ གསལ་སྟོན་འབད་ཡོདཔ་ལས་ དཔའ་ཉམས་བསྐྱེད་དགོཔ་ཅིག་ཨིན་མས།
ཨིན་རུང་ ད་རེས་ནངས་པ་ སྲིད་དོན་པ་དང་ སྲིད་ཚོགས་ཚུ་གིས་ བསྐུལ་བསྒྲགས་འབད་མི་དང་ ཀུན་སྤྱོད་རྣམ་གཞག་ལུ་ མ་གུས་མི་ བརྡ་བརྒྱུད་དང་ དེ་གི་ནང་དོན་ཉིད་ལས་ཡང་ མི་སྡེའི་བརྡ་བརྒྱུད་ཡོངས་འབྲེལ་ཚུ་གིས་ གནད་དོན་འདྲ་མ་འདྲཝ་ལེ་ཤ་བཀོད་དེ་ ཉེས་མེད་ཚུ་ལུ་ ཁ་ཉེས་བཀལ་མི་ཚུ་ལུ་ལྟཝ་ད་ རྒྱལ་ཁབ་ཀྱི་ དམངས་གཙོའི་རིང་ལུགས་དེ་ འདྲོག་འཇིགས་དང་ ཚ་གྱང་ལང་དགོ་པའི་ གནས་སྟངས་ནང་ ལྷོད་ཡོདཔ་བཟུམ་སྦེ་ མཐོང་སྣང་བྱུངམ་མས།
སྲིད་ཚོགས་ཚུ་གིས་ མི་མང་ལས་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ གཅིག་གིས་གཅིག་ལུ་ སྐྱོན་བརྗོད་དང་ དམའ་ཕབ་རྐྱབ་ནི་ཚུ་ དམངས་གཙོའི་རིང་ལུགས་ནང་ ལམ་ལུགས་དང་ ཁྱད་ཆོས་ཅིག་ཨིན་རུང་ བརྡ་བརྒྱུད་ནང་ལས་ཕར་ ངན་བསྐུལ་འབད་མི་དེ་གིས་ སྲིད་དཀྲུག་ནི་དང་ མི་སྡེའི་བར་ན་ མཐུན་འབྲེལ་དང་ སྐྱིད་ཉམས་ལུ་ བར་ཆད་རྐྱབ་ནི་གི་ གནོད་ཉེན་སྦོམ་འདུག།
དེ་མ་ཚད་ སྤྱིར་བཏང་བཙག་འཐུའི་དོན་ལུ་ སྲིད་དོན་ཚོགས་པ་༢ ཀྱིས་ བསྐུལ་བསྒྲགས་འབད་བའི་ ནམ་དུས་ལུ་ འཛོམས་འདུ་ནང་ འོང་མི་ཚུ་ལུ་ ཏི་རུ་སྤྲོད་པའི་ ལོ་རྒྱུས་དང་ འོས་འབབ་མེད་པའི་ ཁས་བླངས་འབད་མི་ཚུ་ལུ་ལྟཝ་ད་ འབྲུག་གི་དམངས་གཙོའི་རིང་ལུགས་འདི་ རྒྱལ་ཁབ་གཞན་བཟུམ་སྦེ་ར་ ངན་ལྷད་ཞུགས་དོ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་མས།
ད་རུང་ དམངས་གཙོའི་རིང་ལུགས་ལུ་ ངན་ལྷད་ཞུགས་ནི་གི་ རྒྱུ་རྐྱེན་འབད་མི་ཅིག་ སྲིད་དོན་ཚོགས་པ་༣ མཉམ་བསྡོམས་འབད་དེ་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་མི་དེ་ཨིནམ་ད་ ད་ཚུན་གྱི་བར་ན་ སྲིད་དོན་ཚོགས་པ་ཅིག་གིས་ སྲིད་ཚོགས་གཉིས་ གཅིག་བསྡོམས་འབད་ཡོདཔ་བཟུམ་མཐོངམ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་དགོཔ་སྦེ་ ཉོགས་བཤད་བཀོད་ཡོད་རུང་ གྲུབ་འབྲེལ་གསལ་ཏོག་ཏོ་ཅིག་བྱུང་མ་ཚུགས་པས།
ཨིན་རུང་ འཕྲལ་ཁམས་ཅིག་ཁར་ འགོ་ཐོག་བཙག་འཐུའི་ནང་ མཐར་འཁྱོལ་བྱུང་མ་ཚུགས་པར་ སྲིད་ཚོགས་གཞན་ནང་ འདེམས་ངོ་སྦེ་ འཛུལ་མི་ཅིག་གིས་ བཀྲིས་སྒང་རྫོང་ཁག་གི་ བསྐུལ་བསྒྲགས་ཅིག་ནང་ སྲིད་དོན་ཚོགས་པ་༣ མཉམ་བསྡོམས་འབད་དེ་ བཟའ་ཚང་གཅིག་སྦེ་ བཙག་འཐུའི་ནང་ འབྲེལ་གཏོགས་འབད་ཡོད་པའི་སྐོར་ སླབ་མི་དེ་གིས་ སྲིད་ཚོགས་གཅིག་མིན་པར་གསུམ་མཉམ་བསྡོམས་འབད་བའི་ མངོན་གསལ་བྱུང་ནུག།
སྲིད་ཚོགས་ཚུ་ མཉམ་བསྡོམས་འབད་བ་ཅིན་ འགོ་ཐོག་བཙག་འཐུ་ འགོ་འདྲེན་འཐབ་དགོཔ་མེད་པའི་ འོས་ཁུངས་གསལ་སྟོན་འབདཝ་ཨིན་མས།
འདི་འབདཝ་ལས་ གོང་གསལ་གནད་དོན་ཚུ་ལུ་ལྟཝ་ད་ འབྲུག་གི་དམངས་གཙོའི་རིང་ལུགས་དེ་ཡང་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་དང་ དབྱེ་བ་མེདཔ་སྦེ་འགྱོ་བའི་ བརྡ་མཚོན་སྟོནམ་མས་ཟེར་ ཞུ་ནི་ཨིན།

No comments:

Post a Comment