གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་༢ ཀྱིས་ ལྷུན་རྩེ་ལུ་ ཁས་བླངས་གསལ་བསྒྲགས་འབད་ཡོདཔ།

༡༨/༦/༢༠༡༣   ༉ སྤྱི་ཚོགས་༢ པའི་ སྤྱིར་བཏང་བཙག་འཐུའི་དོན་ལུ་ ཚོགས་རྒྱན་བཙུགས་ནིའི་ཉིནམ་དེ་ བདུན་ཕྲག་༣ ལུ་ལྷོད་ཡོདཔ་ལས་ ལྷུན་རྩེ་རྫོང་ཁག་གི་མི་སེར་ཚུ་གིས་འབད་བ་ཅིན་ ད་ལྟོ་ ཁོང་རའི་སེམས་ཐག་དེ་ སྲིད་ཚོགས་དང་ འདེམས་ངོ་ག་ལུ་བཙུགས་ནི་ཨིན་ན་ ཐག་མ་བཅད་པར་ཡོད་རུང་ རྫོང་ཁག་དེ་ནང་ གོང་འཕེལ་གྱི་འགྱུར་བ་ སྦོམ་འབག་འོང་ཚུགས་མི་ཅིག་ གདམ་འཐུ་འབད་ནི་ཟེར་ཨིན་པས།
ཚོགས་པའི་འདེམས་ངོ་༢ ཀྱིས་ ཁས་བླངས་གསལ་བསྒྲགས་འབད་བའི་བསྒང་།


རྫོང་ཁག་དེ་ནང་ སྒང་ཟུར་- སྨིན་རྗེ་འདེམས་ཁོངས་ཀྱི་དོན་ལུ་ སྲིད་ཚོགས་༢ ཀྱི་བར་ན་ རྩོད་འགྲན་འགོ་འདྲེན་འཐབ་པའི་སྐབས་ལུ་ བཅའ་མར་གཏོགས་མི་ ལྷུན་རྩེ་ཁྲོམ་གྱི་མི་སེར་ཚུ་གིས་ སླབ་མིའི་ནང་ རྫོང་ཁག་དེ་ མཐའ་ཟུར་གྱི་རྫོང་ཁག་ཅིག་འབད་མི་ལུ་བརྟེན་ ད་ལས་ཕར་ གོང་འཕེལ་གྱི་འགྱུར་བ་བཟོ་ཚུགས་མི་ བསྐྱིན་འགྲུལ་གྱི་དཀའ་ངལ་བསལ་ཚུགས་མི་ ལྕོགས་གྲུབ་ཅན་གྱི་སྲིད་ཚོགས་དང་ འདེམས་ངོ་ཅིག་བཙག་འཐུ་འབད་དགོཔ་ ཡོད་ཟེར་ཨིན་པས།
ཚོང་པ་ཅིག་གིས་ སླབ་མིའི་ནང་ ད་རེས་ནངས་པ་ བསྐྱིན་འགྲུལ་བཀག་ཆ་འབད་མི་ལུ་བརྟེན་ ཁྲོམ་ཁར་སྡོད་ཁྱིམ་རྐྱབ་མ་ཚུགས་པར་ལུས་ཡོད་ཟེར་ཨིནམ་ད་ ཚོང་པ་གཞན་མི་ཅིག་གིས་ སླབ་མིའི་ནང་ དཀའ་ངལ་དེ་ བསལ་ཐབས་ལུ་ གཞུང་གསརཔ་དྲག་ནི་བཟུམ་ཅིག་འདུག་ཟེར་ཨིན་རུང་ ལ་ལུ་ཅིག་གིས་འབད་བ་ཅིན་ དཀའ་ངལ་ཐོན་མིའི་ ལཱ་འཕྲོ་མཐུད་འབད་ནི་ལུ་ ཧེ་མའི་གཞུང་དེ་ར་ དྲག་ཟེར་ཨིན་པས།
ཨིན་རུང་ སྒང་ཟུར་- སྨིན་རྗེ་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་རང་གྲོལ་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ བློ་བཟང་རྡོ་རྗེ་གིས་ སྒང་ཟུར་དང་ མཁོ་མང་ ཀུར་སྟོད་ སྨིན་རྗེ་རྒེད་འོག་༤ གི་མི་སེར་ཚུ་ལས་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འཐོབ་ཐབས་ལུ་དམིགས་ཏེ་ རྩོད་བསྡུར་འབད་བའི་སྐབས་ལུ་ ཁོང་རའི་ཚོགས་པའི་ལྟ་བ་དང་ ཁས་བླངས་ཚུ་ ག་དེ་དྲག་དྲག་ གོ་བ་བཤད་དེ་ བྱིནམ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་རང་གྲོལ་གྱིས་ སླབ་མིའི་ནང་ མི་སེར་ཚུ་ལུ་ འདྲ་མཉམ་དང་ དྲང་བདེན་ཐོག་ལས་ མི་སེར་ཚུ་ རང་མགོ་རང་འདྲོངས་བཟོ་ནི་དེ་ ཨིན་ཟེར་ཨིནམ་ད་ ད་ལྟོ་ གཞུང་གི་བུ་ལོན་བཟོ་ཡོད་རུང་ མ་འོངས་པ་ལུ་ གློག་ཤུགས་མེ་ག་ཝཊ་༡༠,༠༠༠ བཟོ་སྐྲུན་འབད་ནི་ཨིན་མི་དེ་གིས་ རྒྱལ་ཁབ་ནང་ འོང་འབབ་སྦོམ་བཟོ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ལོ་ལྔའི་འཆར་གཞི་༡༡ པའི་ གོང་འཕེལ་གྱི་ལཱ་ཚུ་གྲུབ་ཐབས་ལུ་ ཞི་གཡོགཔ་ཚུ་ ལྗོན་སྟངས་ཅན་བཟོ་ཐབས་ལུ་ ཞི་གཡོགཔ་ཚུ་ལུ་ འཐོབ་ཁུངས་སེང་ནི་དང་ ན་གཞོན་གྱི་དཀའ་ངལ་བསལ་ནི་ ལྷུན་རྩེ་རྫོང་ཁག་ནང་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ འཆར་གཞི་ནང་ཡོད་མིའི་ གོང་འཕེལ་གྱི་གྲུབ་འབྲས་སྦོམ་ སྟོན་ཚུགས་ཡོདཔ་མ་ཚད་ འཆར་གཞི་ནང་མེད་མི་ཡང་ གྲུབ་འབྲས་སྦོམ་སྟོན་ཏེ་ཡོད་ཟེར་ཨིནམ་ལས་ རྫོང་ཁག་དེ་ མཐའ་ཟུར་གྱི་རྫོང་ཁག་ཅིག་འབད་མི་ལུ་བརྟེན་ རྒྱབ་ཁར་ལུས་ཏེ་ཡོད་རུང་  བཙག་འཐུ་འགྲུབ་གནང་པ་ཅིན་ གོང་འཕེལ་གྱི་ལཱ་ཚུ་ སྦོམ་སྦེ་ར་འབད་ཚུགས་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ བཙག་འཐུ་འགྲུབ་པ་ཅིན་ ལྷུན་རྩེ་རྫོང་ཁག་གི་མི་སེར་ཚུ་ལུ་མ་ཚད་ ཤར་ཕྱོགས་རྫོང་ཁག་གི་མི་སེར་ཚུ་ལུ་ཕན་པའི་ སྒོར་གཱན་ ཤིང་མཁར་གྱི་གཞུང་ལམ་དེ་ མགྱོགས་སུ་སྦེ་བཏོན་ནི་དང་ གཞན་ཡང་ རྒེད་འོག་ཚུ་དང་ སོ་ནམ་ཞིང་ལམ་ སྨན་ཁང་ལ་སོགས་པའི་མཐུན་རྐྱེན་ཚུ་ མ་བཏུབ་བཏུབ་སྦེ་ ཕུལ་ནིའི་ཁས་བླངས་ཡོད་ཟེར་ཨིནམ་ད་ ཁས་བླངས་ཚུ་ཡང་ མི་སེར་ཚུ་གིས་ རེ་བ་བསྐང་དགོ་པའི་ཁས་བླངས་ཚུ་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༨ ལུ་ བཙག་འཐུ་ལས་བརྟེན་ ཕམ་བུ་གཞི་ གཉེན་གྲོགས་ཀྱི་བར་ན་ གཡུས་ཕྱོགས་ཀྱི་བར་ན་ སྟབས་མ་བདེཝ་ཐོན་མི་ལུ་ ཁོ་གིས་ ཚ་གྱང་ལང་དགོཔ་མ་བྱུང་རུང་ དུས་ཅི་ འགོ་ཐོག་བཙག་འཐུ་གི་གྲུབ་འབྲས་ལུ་ལྟ་བ་ཅིན་ ལུང་ཕྱོགས་ ཁ་དབྱེ་དོ་བཟུམ་ཡོདཔ་ལས་ ཚ་གྱང་སྦོམ་ལང་ཡོད་མི་ལུ་བརྟེན་ མི་སེར་ཚུ་གིས་ ནམ་རང་འབད་རུང་ གཅིག་མཐུན་སྦེ་གནས་དགོཔ་ གལ་ཆེ་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ བློ་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ འབྲུག་རྒྱལ་ཁབ་དེ་ རང་དབང་རང་བཙན་སྦེ་ ལོ་ངོ་བརྒྱ་ལྷགཔ་ཅིག་སྡོད་པའི་ཤུལ་ལུ་ དམངས་གཙོའི་གཞུང་འགོ་བཙུགས་ཡོདཔ་ལས་ ད་ལས་ཕར་འབད་རུང་ དགའ་བ་དང་ སྐྱིད་པའི་ངང་ལུ་ སྡོད་དགོ་པ་ཅིན་ མི་སེར་ཚུ་གིས་ གཞུང་གདམ་འཐུ་འབད་ནི་དེ་ འཛོལ་ནི་མི་འོང་ཟེར་ཨིན་པས།
ཁོ་གིས་སྲིད་དོན་ཚོགས་པ་ནང་འཛུལ་དགོ་མི་དེ་ཡང་ ན་གཞོན་གྱི་དཀའ་ངལ་ཚུ་ སྦོམ་འབད་ར་མཐོང་ཡོདཔ་ལས་བརྟེན་ འདས་པའི་གཞུང་གི་དཀའ་ངལ་སེལ་མ་ཚུགས་མི་དེ་ བསལ་ཚུགསཔ་འབད་ནི་ཟེར་ཨིནམ་མ་ཚད་ སྲིད་ཚོགས་ཀྱི་ལྟ་བ་ཡང་ དབང་ཚད་ཕྱིར་སྤེལ་ཨིནམ་ལས་ གལ་སྲིད་ མི་སེར་དམངས་གཙོ་ཚོགས་པ་དེ་ བཙག་འཐུ་འགྲུབ་ཅིན་ དབང་ཚད་དེ་ གཞུང་ལྟེ་བ་ལུ་མ་བཞག་པར་ མི་སེར་ཚུ་ལུ་ སྤྲོད་ནི་ཟེར་ཨིན་པས།
སྲིད་ཚོགས་དེ་གིས་ ཁས་བླངས་ཡང་ རྒྱལ་ཡོངས་དང་ རྫོང་ཁག་ དེ་ལས་ རྒེད་འོག་དང་ སྤྱི་འོག་དབྱེ་གསལ་འབད་དེ་ ཁག་མ་འདྲཝ་ཡོད་རུང་ དུས་ཚོད་མེདཔ་ལས་བརྟེན་ ཞུ་མི་ཚུགས་དོ་ཡོདཔ་ལས་ བཅུད་བསྡུ་བ་ཅིན་ རྒྱལ་ཁབ་ནང་ གློ་བུར་གྱི་དོན་ལུ་ གནམ་གྲུ་ཆུང་ཀུ་༢ དང་ རྒེད་འོག་༢༠༥ ནང་ འཁོར་ལམ་རྩི་ནག་གཏང་སྟེ་ སྣུམ་འཁོར་བཱོ་ལི་རོ་༡ བྱིན་ནི་ དེ་ལས་ སྤྱི་འོག་རེ་ནང་ འཕྲུལ་གླང་ པཱ་ཝར་ཊི་ལར་རེ་སྤྲོད་ནི་ཚུ་ སྲིད་ཚོགས་དེ་གིས་ ཁས་བླངས་ཨིན་ཟེར་ཨིནམ་ལས་ ཁས་བླངས་ཚུ་ཡང་ ཁ་དང་ལགཔ་རྟགས་མཐུན་ཚུགས་ཟེར་ཨིན་པས།
རྩ་ཁྲིམས་ཅན་གྱི་གཙུག་སྡེ་ཚུ་ལུ་ དབང་ཚད་སྤྲོད་ནི་དང་ བརྡ་བརྒྱུདཔ་ཚུ་ལུ་དབང་ཚད་ཚུ་སྤྲོད་དེ་ དེ་ཚུ་ནང་ ལགཔ་རྩ་ལས་ར་མ་རྐྱབ་པར་ ཕྱག་ཞུ་ནི་ཟེར་ཨིནམ་ད་ སྒེར་སྡེ་གོང་འཕེལ་གཏང་ནི་ལུ་ཡང་ རྒྱབ་སྐྱོར་ཚུ་ཕུལ་ནི་ཟེར་ཨིན་པས།
དྲི་བཀོད་སྐབས་ལུ་ ཀརྨ་རང་གྲོལ་གྱིས་ བློ་བཟང་རྡོ་རྗེ་ལུ་ ཁོ་ར་ན་གཞོན་སྦེ་སྡོད་པའི་སྐབས་ལུ་ ན་གཞོན་ཚུ་གིས་ སེམས་ལུ་ ཚ་གྱང་༣ ཡོད་མི་དེ་ཡང་ དང་པ་ ཕམ་ལུ་དྲིན་ལན་འཇལ་ནི་ གོང་མ་ལུ་གུས་ཞབས་འབད་ནི་ དེ་ལས་ རྒྱལ་ཁབ་ལུ་ ཕྱག་ཞུ་ནི་ཚུ་ཨིནམ་ལས་ ད་རེས་ཀྱི་ན་གཞོན་ཚུ་གི་ སེམས་ཁར་འབད་བ་ཅིན་ མནོ་བསམ་ག་དེ་སྦེ་བཏང་དོ་ག་ ཡང་ཅིན་ དེ་ལུ་ འགྱུར་བ་ཡོད་ག་ཟེར་ཨིན་པས།
བློ་བཟང་རྡོ་རྗེ་གིས་འབད་བ་ཅིན་ ན་གཞོན་ཚུ་ རྒྱལ་ཁབ་ཅིག་གི་མི་ཁུངས་ཨིནམ་ལས་ རྩ་ཁྲིམས་ཆེན་མོའི་ནང་འབད་རུང་ ན་གཞོན་ཚུ་གིས་ དེ་བཟུམ་ནང་བཅའ་མར་གཏོགས་ཆོགཔ་སྦེ་ཡོདཔ་མ་ཚད་ ན་གཞོན་ཚུ་ལུ་ སེམས་ཀྱི་མནོ་ཐངས་དེ་ ཧེ་མའི་རྒན་ཤོས་ཚུ་གིས་ མནོ་དོ་བཟུམ་སྦེ ཕམ་ལུ་དྲིན་ལན་འཇལ་ནི་དང་ གོང་མ་ལུ་ གུས་ཞབས་འབད་ནི་ དེ་ལས་ རྒྱལ་ཁབ་ལུ་ ཕྱག་ཞུ་ནི་མནོ་བསམ་མ་གཏོགས་ རེ་བ་གཞན་མེད་ཟེར་ཨིན་པས།
བློ་བཟང་རྡོ་རྗེ་གིས་ ཀརྨ་རང་འགྲོལ་ལུ་ ཁོ་གི་གསལ་བཤད་ནང་འབད་བ་ཅིན་ རྫོང་ཁག་དེ་ནང་ གོང་འཕེལ་རྒྱ་ཆ་བརྒྱ་གྲུབ་ཚུགས་ཅིག་ཟེར་ཨིནམ་ལས་ དེ་གི་ནང་ལས་ འཛོལ་བ་༢ དེ་ཅིག་འབྱུང་མི་དེ་ ག་ཅི་ཨིན་ན་དང་ གལ་སྲིད་ ཁོ་གི་བཙག་འཐུ་འགྲུབ་པ་ཅིན་ ཁོ་ལུ་ བསླབ་བྱ་ག་ཅི་བྱིན་ནི་སྨོ་ཟེར་མི་ལུ་ ཀརྨ་རང་གྲོལ་གྱིས་ འཛོལ་བ་དེ་ མཁོ་མང་རྒེད་འོག་ གཙང་སྒོ་གཡུས་ཚན་ནང་ འཁོར་ལམ་ལྷོད་མ་ཚུགས་མི་དང་ སྒོར་གཱན་ ཤིང་མཁར་གྱི་ལམ་བསལ་མ་ཚུགས་མི་དེ་ ཨིན་ཟེར་ཨིནམ་ད་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ མི་སེར་ཚུ་ལུ་ མགུ་སྐོར་རྐྱབ་ནི་མི་འོང་ཟེར་ཨིནམ་ཚད་ བཙག་འཐུ་འགྲུབ་པ་ཅིན་ དཔོན་སྦེ་མནོ་བསམ་མ་བཏང་པར་ བྱ་རོགས་བཟུམ་ཅིག་སྦེ་ མནོ་བསམ་གཏང་དགོ་ཟེར་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment