གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀྲོང་གསར་གྱི་ མི་སེར་སོ་ནམ་པ་ཚུ་ལུ་ ཞིང་ཆུ་མེད་པའི་དཀའ་ངལ།

༡༨/༦/༢༠༡༣   ༉ དུས་ཚོད་འ་ནེམ་ཅིག་ཁར་ དབུས་ཕྱོགས་རྫོང་ཁག་ཚུ་ནང་ ཞིང་ཁར་ ལྕང་ལཱ་རྐྱབ་ནིའི་ དུས་ཚོད་ཨིན་རུང་ ཀྲོང་གསར་རྫོང་ཁག་གི་ ལྕང་རེ་གཡུས་ཚན་ནང་གི་ འབྱ་ཞིང་ཚུ་ནང་འབད་བ་ཅིན་ ཆུ་ཉིནམ་ཅིག་ལས་བརྒལ་མ་འོང་མི་ལུ་བརྟེན་ མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས།


སྐྱེས་ལོ་༥༩ ལང་མི་ ཕོར་ཅེ་ལ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་བདུན་ཕྲག་ནང་ ཆུ་གཡུར་ཉམས་བཅོས་འབད་ཡོད་མི་ལས་ ཆུ་བཏང་ཡོད་རུང་ ཉིནམ་ཅིག་གི་རྒྱབ་ལས་ ད་རུང་ ཆུ་ཆད་ཡོདཔ་ལས་ ལྕངམ་བཙུགས་ཡོད་མི་ཚུ་ཡང་ བསྐམ་ནི་འགོ་བཙུགས་ཏེ་ ཡོད་ཟེར་ཨིན་པས།
ཁོ་གིས་ ཨ་རིང་གླང་དོ་༡༢ དེ་ཅིག་ཡོད་མིའི་ནང་ འདས་པའི་ལོ་ནང་ གླང་དོ་དག་པ་ཅིག་ ལྕང་ལཱ༌རྐྱབ་ཡོད་རུང་ བསྡུ་ནི་གི་ གོ་སྐབས་ར་ ཐོབ་མ་ཚུགསཔ་ལས་ དུས་ཅིག་ཡང་ གནས་སྟངས་དེ་ ཅོག་ར་གཅིགཔ་སྦེ་ འདུག་ཟེར་ཨིན་པས།
ཞིང་ཆུ་དེ་ གཏན་ཏོག་ཏོ་ཅིག་མེདཔ་ལས་ གཡུས་ཚན་དེ་གི་ མི་སེར་ཕྱད་ཀ་ཅིག་གིས་ དུས་ཅིག་ལོའི་དོན་ལུ་ ལྕང་ལཱ་མ་རྐྱབ་པར་བཞག་ཡོདཔ་ད་ དེ་ཡང་ འདས་པའི་ལོ་ཚུ་ནང་ ལྕང་ལཱ་རྐྱབ་སྟེ་འབད་རུང་ ལྕངམ་ཚུ་བཙུགས་མ་ཚུགས་པར་ ལུས་ནི་དེ་གིས་ཨིན་པས།
སྐྱེས་ལོ་༥༩ ལང་མི་ པདྨ་བཟང་མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཞིང་ཆུ་ཉིནམ་ཅིག་འོང་ཡོད་རུང་ ད་རེས་ཀྱི་དོན་ལུ་ ལྕངམ་བཙུགས་ཡོད་མི་ཚུ་ཡང་ བསྐམ་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ཚེ་རིང་ལྷ་མོ་གིས་ཡང་ དུས་ཅི་ལོའི་དོན་ལུ་ གླང་དོ་༧ གྱི་དོན་ལུ་རྩིས་རྐྱབ་སྟེ་ ལྕངམ་བཏབ་ཡོད་མི་ཚུ་ག་ར་ དེ་སྦེ་ར་ ལུས་ཏེ་ཡོདཔ་ལས་ ཞིང་ཆུའི་གནས་སྟངས་ལུ་ལྟཝ་ད་ ལཱ་འབད་ཚུགས་ནི་བཟུམ་ཅིག་ མིན་འདུག་ཟེར་ཨིན་པས།
མོ་ལུ་ གཡུས་དེ་གི་ ཁ་སྨད་དང་ ཁ་སྟོད་གཉིས་ཆ་ནང་ ཨ་རིང་ཡོད་ས་ལས་ ཁ་སྟོད་ལུ་ སྤྱི་ཟླ་༤ པའི་ཚེས་༤ ལས་ ལཱ་འགོ་བཙུགསཔ་ཨིན་རུང་ ཆུའི་དཀའ་ངལ་ལུ་བརྟེན་ ཁ་སྨད་ལུ་འགོ་བཙུགས་མ་ཚུགས་པར་ ཡོད་ཟེར་ཨིན་པས།
སུང་ཏ་ལ་གིས་ ཞིང་ཆུ་དེ་ ཟླཝ་དེ་གི་ཚེས་༡༢ ལུ་ ཚར་ཅིག་བཏངམ་ཅིག་ ད་རུང་ ཧེ་མའི་ས་ཁོངས་ནང་ལས་ར་ ཆད་སོང་ཡོདཔ་ལས་ དེ་གི་ནངས་པ་ར་ གཡུས་མི་ཚུ་གིས་ གྱིབ་དུང་ཚུ་བཙུགས་ཏེ་ གནས་སྐབས་ཀྱི་དོན་ལུ་ ཆུ་བཏོན་ཡོད་རུང་ ཆུ་སྦོམ་མེདཔ་ལས་ ཁ་སྟོད་ལུ་སྡོད་མི་ཚུ་ལུ་ཡང་ ལང་མི་ཚུགས་པས་ཟེར་ཨིན་པས།
ཆུ་དེ་གིས་ ཞིང་གླང་དོ་ཅིག་ནང་ཡང་ ལང་མི་ཚུགས་དོ་ཡོདཔ་ལས་ ལྕང་ལཱ་རྐྱབ་སྟེ་འབད་རུང་ ཆུ་བསྐམ་འགྱོཝ་མས་ ཟེར་ཨིན་པས།
སྐྱེས་ལོ་༦༣ ལང་མི་ ཚེ་རིང་ལྷ་མོ་གིས་ ཆུའི་དཀའ་ངལ་དེ་ འདས་པའི་ལོ་༣ གྱི་རིང་ ཐོན་བཞིན་དུ་ཡོདཔ་ལས་ དཀའ་ངལ་བསལ་ནི་གི་དོན་ལུ་ རྒེད་འོག་བདག་སྐྱོང་གིས་ ཉམས་བཅོས་འབད་ཡོད་རུང་ ཁོང་གི་དོན་ལུ་ ཕན་ཐོགས་པའི་ གྲུབ་འབྲས་ཅིག་ བྱུང་མ་ཚུགསཔ་ལས་ ག་ཅི་འབད་དོ་ག་ཡང་ སླབ་མི་ཤེས་པས་ཟེར་ཨིན་པས།
གཡུས་ཚན་དེ་གི་ ཁྱིམ་གུང་པ་༤༠ དེ་ཅིག་ཡོད་མི་ག་ར་གིས་ འཚོ་བ་གཙོ་བོ་ར་ འབྱ་ཞིང་ལུ་བརྟེན་ སྡོད་དོ་ཡོད་རུང་ མང་ཤོས་ཀྱིས་ ཨ་རིང་ཇོ་བདག་དང་གཅིག་ཁར་ བགོ་མཐུན་སྦེ་ བཟའ་སྤྱོད་འབད་དོ་ཡོདཔ་ཨིན་པས།
བྲག་སྟེང་རྒེད་འོག་གི་དམངས་མི་ ཀུན་བཟང་རྡོ་རྗེ་གིས་ འདས་པའི་དྲི་བཀོད་ནང་ ཆུ་གཡུར་དེ་ སྤྱི་ལོ་༢༠༡༢ ནང་ཡང་ འཕྱགས་བདའ་ཡོདཔ་ལས་ ལོ་དེ་ནང་ མི་སེར་ཚུ་གིས་ ལྕང་ལཱ་རྐྱབ་མ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ ལོག་བཟོ་སྐྲུན་འབད་མི་ ཆུ་གཡུར་དེ་ ས་གནས་སོ་སོ་ནང་ལས་ བཏོན་ཡོད་པའི་ཁར་ ཆུ་གཡུར་དེ་ ལེགས་ཤོམ་སྦེ་ བཟོ་སྐྲུན་འབད་ཡོདཔ་ལས་ ད་རེས་ཀྱི་ཟླཝ་ནང་ ལྕང་ལཱ་གི་དུས་ཚོད་དང་འཁྲིལ་ ཆུ་གཏང་ནི་གི་ གྲ་སྒྲིག་སོང་སྟེ་ཡོད་ཟེར་ བཤདཔ་ཨིན་པས།
དམངས་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཆུ་གཡུར་དེ་ རྒེད་འོག་གི་མི་སེར་ཚུ་གིས་ འུར་ལཱ་ཐོན་ཏེ་ རྐྱབ་དགོཔ་ཨིན་རུང་ ཆུ་ཞིང་ཚུ་མང་ཤོས་ར་ རྒེད་འོག་གཞན་ཁའི་ མི་ཚུ་གི་ཨིནམ་ལས་ མི་སེར་ཚུ་གིས་ ལཱ་འབད་ནིའི་ ཁས་བླངས་འབད་མ་བཏུབ་ལས་ རྒེད་འོག་གི་མི་སྡེའི་ ཁག་འབགཔ་སྡེ་ཚན་ལུ་ གོ་སྐབས་བྱིན་ཡི་ཟེར་ཨིནམ་ད་ ལོག་ཉམས་བཅོས་འབད་ནི་གི་དོན་ལུ་ དངུལ་ཀྲམ་འབུམ་༡༠ ཐོབ་སྟེ་ ཡོདཔ་ཨིན་པས།
རྒཔོ་དགའ་ལེགས་ཆོས་འཕེལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཆུ་རུད་དེ་གིས་ གཡུར་བ་མི་ཊར་༨༠༠ དེ་ཅིག་ འཕྱགས་བདའ་ནུག་ཟེར་ཨིནམ་ད་ ལཱ་དེ་ཡང་ འདས་པའི་ལོའི་ ལཱ་འཕྲོ་མཐུད་ཨིནམ་ལས་ དུས་ཅི་ལོ་ནང་ ཆུ་ཐོབ་ཚུགས་ཟེར་ བཤད་ཅི།
ད་ལྟོའི་ཆུ་གཡུར་དེ་ སྐབས་ཅིག་གི་དོན་ལུ་ བཟོ་ཚར་ཡོད་རུང་ དམངས་མི་གིས་འབད་བ་ཅིན་ ད་རུང་ ལེགས་ཤོམ་སྦེ་ བཟོ་ནིའི་དོན་ལུ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱིས་ མ་དངུལ་རྒྱབ་སྐྱོར་འབད་དེ་ཡོདཔ་ལས་ དུས་ཅི་ལོ་མཇུག་བསྡུ་ཁམས་ལུ་ རིན་བསྡུར་འབད་དེ་ ཡུན་བརྟན་གྱི་གཡུར་བ་ཅིག་བཟོ་ནི་གི་ འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment