གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཟིམ་ཟ་རོང་ལུ་ ཚོང་ཁང་༢ མ་གཏོགས་ གཞན་ཆ་མཉམ་ར་ སྒོ་བསྡོམས་ཚར་ཡོདཔ།

༡/༨/༢༠༡༢   ཧེ་མ་འབད་བ་ཅིན་ ཉིནམ་༡ ལུ་ ཉུང་ཤོས་དངུལ་ཀྲམ་༢༠,༠༠༠ དེ་ཅིག་ བཟོ་ཚུགསཔ་ཨིན་རུང་ ད་རེས་ནངས་པ་ དངུལ་ཀྲམ་༡༠༠ ཡང་ འཐོབ་ཚུགས་པར་ ལཱ་ཁག་འདུག་ཟེར་ ཟིམ་ཟ་རོང་གི་ཚོང་པ་ སངས་རྒྱས་ཀྱིས་ སླབ་ཨིན་པས།

༉ མོང་སྒར་རྒྱལ་པོའི་ཞིང་ལས་ ཀི་ལོ་མི་ཊར་༡༢ དེ་ཅིག་ཁར་ཡོད་པའི་ས་གནས་ ཟིམ་ཟ་རོང་ལུ་ རྒྱལ་པོའི་ཞིང་དང་ ངང་ལམ་གྱི་བར་ན་ གཞུང་ལམ་མ་བཏོན་པའི་ཧེ་མ་དང་ བཏོན་པའི་སྐབས་ལུ་ ཚོང་ཁང་ཕྱམ་ཕྱིམ་རེ་ བཙུགས་མི་ཚུ་གིས་ སྐྱེངས་མཁར་རྒེད་འོག་དང་ འགྱུར་མེད་རྒེད་འོག་༢ ཀྱི་ མི་སེར་ཚུ་ལུ་བརྟེན་ ཁེ་སང་ལེགས་ཤོམ་སྦེ་ བཟོ་ཡོདཔ་ཨིན་པས།
ཚོང་ཁང་༢ མ་གཏོགས་ གཞན་ཆ་མཉམ་ར་ སྒོ་བསྡོམས་ཏེ་ཡོད་མི་ ཟིམ་ཟ་རོང་ཁྲོམ།


ཨིན་རུང་ ད་རེས་ནངས་པ་ སྐྱེངས་མཁར་རྒེད་འོག་དང་ འགྱུར་མེད་རྒེད་འོག་གི་ མི་སེར་ཚུ་གིས་ ཟིམ་ཟ་རོང་ལུ་ ཚོང་ཉོ་བར་ ལྷོད་མ་ཚུགས་མི་དེ་ཡང་ ཁོང་རའི་ གཡུས་ཚན་ནང་ སོ་ནམ་ཞིང་ལམ་ ལྷོད་མི་ལུ་བརྟེན་ཏེ་ཨིན་པས།
ཟིམ་ཟ་རོང་ལུ་ ཧེ་མ་ ཚོང་ཁང་ལེ་ཤ་ཡོད་རུང་ ད་རེས་ནངས་པ་ ཚོང་ཁང་༢ ལས་བརྒལ་མེདཔ་ད་ གཞན་མི་ཚུ་ སྒོ་བསྡམས་ཏེ་ཡོདཔ་ཨིན་པས།
སྐྱེངས་མཁར་རྒེད་འོག་ལས་ སྐྱེས་ལོ་༣༤ ལང་མི་ སངས་རྒྱས་ཀྱིས་ སླབ་མིའི་ནང་ རྒྱལ་པོའི་ཞིང་དང་ ངང་ལམ་ཁ་ཐུག་གི་ས་གནས་ ཟིམ་ཟ་རོང་ལུ་ སྤྱི་ལོ་༢༠༠༤ ལས་ འགོ་བཙུགས་ཏེ་ ཚོང་ཕྱམ་ཕྱིམ་རེ་ བཙོང་སྡོད་པའི་སྐབས་ལུ་ སྐྱེངས་མཁར་དང་ འགྱུར་མེད་རྒེད་འོག་༢ ཀྱི་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་ཡོདཔ་མ་ཚད་ ཁོ་གིས་ཡང་ ཚོང་ལུ་བརྟེན་ འོང་འབབ་ལེགས་ཤོམ་བཟོ་ཚུགས་ཅི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ རྒྱལ་པོའི་ཞིང་དང་ ངང་ལམ་གྱི་གཞུང་ལམ་དེ་ ས་གནས་དེ་ཁར་ལས་ བཏོན་པའི་སྐབས་ལུ་ ཉིནམ་༡ ལུ་ ཚོང་ལུ་བརྟེན་ ཉུང་ཤོས་དངུལ་ཀྲམ་༢༠,༠༠༠ དེ་ཅིག་ བཟོ་ཚུགསཔ་ཨིན་རུང་ ད་རེས་ནངས་པ་ ཟིམ་ཟ་རོང་ལུ་ ཚོང་ཉོ་མི་ མེད་མི་དེ་ཡང་ གཡུས་ཚན་ཚུ་ནང་ སོ་ནམ་ཞིང་ལམ་ ལྷོད་མི་ལུ་བརྟེན་ གཡུས་སྒོའི་མི་ཚུ་གིས་ ཚོང་ཁང་བཙུགས་ནི་དེ་གིས་ ཨིན་མས་ཟེར་བཤད་ཅི།
སངས་རྒྱས་ཀྱིས་ སླབ་མིའི་ནང་ ད་རེས་ནངས་པ་ ཚོང་ཉོ་མི་མེདཔ་ལས་བརྟེན་ རེ་ཚེ་སྐབས་ ཉིནམ་ཅིག་ལུ་ འོང་འབབ་དངུལ་ཀྲམ་༡༠༠ འཐོབ་ནི་ཡང་ ལཱ་ཁག་འདུག་ཟེར་ཨིནམ་ད་ ཨིན་རུང་ ཁོ་ར་ལུ་ གླ་འཁོར་ཅིག་ཡོདཔ་ལས་ བཟའ་ཚང་འཚོ་སྐྱོང་འཐབ་ནི་ལུ་ དཀའ་ངལ་མ་བྱུང་ཟེར་ཨིནམ་ད་ ཚོང་ཁང་ལུ་བརྟེན་པ་ཅིན་ བཟའ་ཚང་གསོ་སྐྱོང་ འཐབ་མི་ཚུགས་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ན་ཧིང་ལས་ ཟིམ་ཟ་རོང་ལུ་ ཚོང་ཁང་བཙུགས་སྡོད་མི་ འགྱུར་མེད་རྒེད་འོག་ལས་ སྐྱེས་ལོ་༣༥ ལང་མི་ པདྨ་ཚེ་དབང་གིས་ སླབ་མིའི་ནང་ ཚོང་ཉོ་མི་ དཀོན་ནི་དེ་གིས་ ཟླཝ་དག་པ་ཅིག་གི་ཧེ་མ་ལས་ འགྱུར་མེད་རྒེད་འོག་གི་ མི་སེར་ཚུ་གི་དོན་ལུ་ ཟིམ་ཟ་རོང་ལས་ ད་རུང་ ངང་ལམ་ཁ་ཐུག་གི་ས་གནས་ གབ་ཆ་ཟེར་ས་ལུ་ ཚོང་ཁང་བཙུགས་ཡི་ཟེར་ཨིན་པས།
པདྨ་ཚེ་དབང་གིས་ སླབ་མིའི་ནང་ མ་འོངས་པའི་ ཁེ་ཕན་ལུ་དམིགས་ཏེ་ ཟིམ་ས་རོང་ལུ་ ཚོང་ཉོ་མི་མེད་རུང་ ཚོང་ཁང་ སྒོ་མ་བསྡམས་པར་ ཕར་ཚུར་འགྲོ་འགྲུལ་འབད་མི་ཚུ་གི་དོན་ལུ་ བསིལ་ཆུ་དང་ ཆང་ དེ་ལས་ བཟའ་འཐུང་གི་རིགས་ དུམ་གྲ་རེ་ བཙོང་དོ་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཟིམ་ཟ་རོང་དེ་ མོང་སྒར་རྫོང་ཁག་ སྐྱེངས་མཁར་རྒེད་འོག་དང་ འགྱུར་མེད་རྒེད་འོག་༢ ཀྱི་ ཚོང་འབྲེལ་འཐབ་སའི་ ས་ཁོངས་ལྟེ་བ་ཅིན་ཨིནམ་ལས་ ཉིནམ་༡ ལུ་ འོང་འབབ་དངུལ་ཀྲམ་༢༥,༠༠༠ དེ་ཅིག་ བཟོ་ཚུགས་ཟེར་ཨིན་པས།
དེ་བསྒང་ གཡུས་སྒོའི་མི་ཚུ་ ཚ་ཚོ་ཏོ་ལས་ འགོ་བཟུང་སྟེ་ རྒྱལ་པོའི་ཞིང་ལུ་ ཉོ་ཚོང་རྐྱབ་པར་འགྱོ་ནི་དེ་ འཁོར་ལམ་མེད་པ་ལུ་བརྟེན་ ལཱ་ཁག་ཡོདཔ་ད་ མི་སེར་མང་ཤོས་ཅིག་གིས་ ཉེ་བར་མཁོ་བའི་ བཟའ་འཐུང་གི་རིགས་ཚུ་ ཟིམ་ཟ་རོང་ལས་ ཉོ་སྡོད་ནུག་ཟེར་ཨིན་པས།

ཟིམ་ཟ་རོང་གི་ ཚོང་པ་ལ་ལུ་ཅིག་གིས་ སྐྱེངས་མཁར་གྱི་ མི་སེར་ཚུ་གི་དོན་ལུ་ སྟོང་ལ་ལུ་ ཚོང་ཁང་བཙུགས་ཡོདཔ་མ་ཚད་ འགྱུར་མེད་རྒེད་འོག་གི་ མི་སེར་ཚུ་གི་དོན་ལུ་ སྒབ་ཆ་ལུ་ ཚོང་ཁང་བཙུགས་ཡོདཔ་ལས་ ས་གནས་ཀྱི་ མི་ཚུ་གིས་འབད་རུང་ ཧེ་མ་བཟུམ་སྦེ་ ལཱ་ཁག་བཏང་མ་དགོ་པར་ རང་སོའི་ གཡུས་ཚན་གྱི་ཉེ་འདབས་ལུ་ ཚོང་ཁང་བཙུགས་མི་དེ་གིས་ ཕན་ཐོགས་སྦོམ་འདུག་ཟེར་ སླབ་པའི་གནས་ཚུལ།
བདེ་ཆེན་ཚེ་རིང་།

No comments:

Post a Comment