གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་༤ གི་མཐོ་གཏུགས་ ཕྱིར་འབུད་བཏང་ཡོདཔ།

༡/༨/༢༠༡༢   ༉ སློབ་ཕྲུག་༤ གིས་ ཤེས་ཡོན་འཕྲོ་མཐུད་ ལྷབ་སྦྱང་འབད་ནིའི་དོན་ལུ་ ཁྲིམས་ཚད་མར་ཕབ་འབད་ཐོག་ལས་ ཁྲིམས་འཐུས་བཏབ་ནིའི་དོན་ལུ་ མཐོ་གཏུགས་འབད་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་ ཕྱིར་འབུད་མཛད་དེ་ ཐོག་མའི་ཁྲིམས་འདུན་ལས་གནང་བའི་ འཁྲུན་ཆོད་བསྟར་སྤྱོད་འབད་དགོཔ་སྦེ་ཨིན་པས།


དེ་ཡང་ སྤྱི་ལོ་༢༠༡༡ ཟླ་༡༡ པའི་ཚེས་༢༨ ལུ་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༡༢ པའི་ ཚན་རིག་ཆོས་ཚན་གྱི་ སློབ་ཕྲུག་༤ གིས་ འབྲུག་ཆོས་རྒྱུགས་བཀོད་ཚོགས་ཀྱི་ དྲི་ཤོག་ཚུ་ ཨར་རྐུན་འབད་ཡོདཔ་མ་ཚད་ སློབ་གྲྭའི་སྲུང་རྒྱབ་ཅིག་ བརྡུང་རྫོབ་འབད་མི་ལུ་བརྟེན་ ཐོག་མའི་ཁྲིམས་འདུན་གྱི་ ཁྲིམས་ཁྲི་དང་པ་ལས་ བཙོན་ཁྲིམས་ལོ་༢ དང་ ཟླཝ་༦ ལས་ ལོ་༥ འི་བར་ན་ བཀལ་ཡོདཔ་ཨིན་པས།
མཐོ་གཏུགས་པ་ དཔལ་ལྡན་ཕུན་ཚོགས་དང་ ཀུན་ལེགས་ཚེ་རིང་ འཕྲིན་ལས་རྒྱལ་མཚན་ དེ་ལས་ སངས་རྒྱས་དབང་འདུས་ཀྱིས་ འབད་བ་ཅིན་ ཁོང་གི་མི་ཚེ་ནང་ ཤེས་ཡོན་འཕྲོ་མཐུད་སྦྱང་མ་ཚུགས་པའི་ཁར་ ཕམ་དང་སློབ་དཔོན་ལུ་ དྲིན་ལན་འཇལ་མ་ཚུགསཔ་མ་ཚད་ གཞུང་དང་མི་སེར་ལུ་ཡང་ ཕྱག་ཞུ་མི་ཚུགས་ནི་མས་ཟེར་ཨིན་པས།
སློབ་ཕྲུག་༤ གིས་ ལོ་ན་གཞོན་པའི་སྟབས་ཀྱིས་ མནོ་མ་ཤེས་པར་ སློབ་གྲྭ་དང་ ཤེས་རིག་ལྷན་ཁག་ དེ་ལས་ ཕམ་ག་ར་ལུ་ ཐུགས་ཕམ་བཅུག་མི་ལུ་ བློ་འགྱོད་སྦོམ་ཡོདཔ་མ་ཚད་ ད་ལས་ཕར་ བྱ་ངན་གྱི་ལཱ་ནང་ བཅའ་མར་མི་གཏོགས་ཟེར་ ཁས་བླངས་ཕུལ་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་འབད་བ་ཅིན་ མཐོ་གཏུགས་པ་ དཔལ་ལྡན་ཕུན་ཚོགས་དང་ ཀུན་ལེགས་ཚེ་རིང་གཉིས་ཀྱིས་ སྤྱི་ལོ་༢༠༡༡ ཟླ་༡༡ པའི་ཚེས་༢༨ ལུ་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ ཆོས་རྒྱུགས་དྲི་ཤོག་བཞག་སའི་ ཁང་མིག་གི་སྒོ་ ལྕགས་ངར་གྱིས་ བཅག་དཀྲུམས་ཐོག་ལས་ ནང་ན་འཛུལ་ཏེ་ ལྕགས་སྒྲོམ་དང་ བང་སྒྲོམ་ཚུ་ འཕྱལ་བཏང་ནུག་ཟེར་ཨིན་པས།
དེ་མ་ཚད་ སློབ་གྲྭའི་ སྲུང་རྒྱབ་དེ་ བརྡུང་རྫོབ་ཐོག་ལས་ ནདཔ་ཚབས་ཆེན་བཏོན་ཡོདཔ་ལས་ ཉེས་ཅན་ཚུ་ལུ་ ཐོག་མའི་ཁྲིམས་འདུན་གྱིས་ གནོད་འགེལ་དང་འཁྲིལ་བའི་ཉེས་ཁྲིམས་ དབྱེ་རིམ་༣ པའི་ ཁྲིམས་ཚད་དམའ་ཤོས་ ལོ་༥ སྨིན་དགོཔ་སྦེ་ཨིན་པས།
སློབ་ཕྲུག་སངས་རྒྱས་དབང་འདུས་ཀྱིས་ གོང་མིང་༢ ཉེས་ལས་འཐབ་པའི་སྐབས་ ལག་ཤུབས་ཆ་ལྔ་དང་ ཐགཔ་ཅིག་བྱིན་ཡོདཔ་མ་ཚད་ མི་གཞན་འོང་སར་ ལྟ་སྡོད་མི་ལུ་བརྟེན་ དབྱེ་རིམ་༤ པའི་ ཁྲིམས་ཚད་ལོ་༣ ལས་༤ གི་བར་ན་ཡོད་མི་ལས་ དམའ་ཤོས་ལོ་༣ བཀལ་བའི་ཁར་ སྲུང་རྒྱབ་ལུ་ ཚབས་ཆེན་གནོད་འཚེ་བཀལ་མི་ལུ་བརྟེན་ ལོ་༡ ཉེས་ཁྲིམས་བཀལ་མི་དེ་རྩིསཝ་ད་ བསྡོམས་ཀྱིས་ བཙོན་ཁྲིམས་ལོ་༤ སྨིན་དགོཔ་ཨིན་པས།།
མཐོ་གཏུགས་པ་ འཕྲིན་ལས་རྒྱལ་མཚན་ལུ་ བཙོན་ཁྲིམས་ལོ་༣ བཀལ་དགོ་མི་དེ་ དཔལ་ལྡན་ཕུན་ཚོགས་དང་ ཀུན་ལེགས་ཚེ་རིང་གིས་ དྲི་ཤོག་ཨར་རྐུན་འབད་བའི་སྐབས་ ས་མར་ཁུ་དམ་སྦྱིས་གང་ འབག་བྱིན་པའི་ཁར་ ཕྱི་ཁ་ལས་ མི་འོང་མི་འོང་གི་ ལྟ་རྟོག་འབད་ཡོདཔ་ལས་ ཆ་རོགས་དང་ རྒྱུད་བསྐུལ་འབད་མི་ལུ་བརྟེན་ ཁྲིམས་ཚད་ཉུང་མཐའ་ ལོ་༣ སྨིན་ཡོད་མི་དེ་ རང་འཇགས་གནང་དགོ་པའི་ ཞུ་བ་ཕུལ་ཡོདཔ་ཨིན་པས།
ཐོག་མའི་ཁྲིམས་འདུན་ལས་ གནང་བའི་འཁྲུན་ཆོད་དང་འཁྲིལཝ་ད་ མཐོ་གཏུགས་པ་ དཔལ་ལྡན་ཕུན་ཚོགས་དང་ ཀུན་ལེགས་ཚེ་རིང་ དེ་ལས་ སངས་རྒྱས་དབང་འདུས་༣ གྱིས་ སྲུང་རྒྱབ་གུ་རུལ་དོཇི་ གུ་རུང་ལུ་ ནདཔ་ཚབས་ཆེན་བཏོན་པའི་ཁར་ སྲོག་ལུ་ཉེན་ཁ་བྱུང་ཡོདཔ་ལས་ མི་ངོ་རེ་ལས་ རྒུད་འཐུས་དངུལ་ཀྲམ་༩༠,༦༦༦.༦༦ རེ་འབདཝ་ད་ བསྡོམས་དངུལ་ཀྲམ་༢༧༢,༠༠༠ ཐམ་པ་ འཁྲུན་ཆོད་བཏོན་པའི་ཉིནམ་ལས་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ སྤྲོད་དགོཔ་ཨིན་པས།
དེ་བཟུམ་སྦེ་ ཆེ་མཐོ་ཁྲིམས་ཁྲི་༢ པ་ལས་ དབྱེ་ཞིབ་འབད་བའི་མཐའ་མར་ མཐོ་གཏུགས་པ་མི་ངོམ་༤ ལས་ ཉེས་ཁྲིམས་མར་ཕབ་དང་ ཁྲིམས་འཐུས་བཏབ་ཆོག་པའི་ ཞུ་བ་ཕུལ་མི་དེ་ དང་པ་ ཉེས་ལས་ཁས་ལེན་གྲུབ་པའི་སྟེང་དུ་དང་ གཉིས་པ་ ཐོག་མའི་ཁྲིམས་འདུན་ལས་ ཉེས་འཛུགས་ཕུལ་མི་ལྟར་ ཁྲིམས་ཚད་རན་ཏོག་ཏོ་སྦེ་ དམའ་ཤོས་གནང་ཡོད་པའི་ མངོན་རྟགས་བྱུངམ་ལས་ མཐོ་གཏུགས་ཀྱི་ཞུ་བ་ ཕྱིར་འབུད་མཛད་དེ་ ཐོག་མའི་འཁྲུན་ཆོད་གུ་ གཞི་བཞག་ཐོག་ལས་ ཉེས་ཁྲིམས་དང་ ཉམས་རྒུད་པའི་རྒུད་འཐུས་ཚུ་ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment