གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་༡༦༨ རྒྱ་གར་ལུ་ སྨན་གཡོག་སྦྱོང་བརྡར་འབད་བར་གཏང་ནི།

༡༦/༨/༢༠༡༢   ༉ གཞུང་གིས་ རྒྱལ་ཁབ་ནང་ སྨན་གཡོགམ་དང་ སྨན་གཡོགཔ་མ་ལང་པའི་ དཀའ་ངལ་སྦོམ་སྦེ་ ཡོད་མི་དང་འཁྲིལ་ ཤུལ་མའི་ཟླཝ་ནང་ སློབ་རིམ་༡༢ པ་ མཐར་འཁྱོལ་མི་ སློབ་ཕྲུག་༡༦༨ དེ་ཅིག་ རྒྱ་གར་ལུ་ སྨན་གཡོག་གི་ སྦྱོང་བརྡར་འབད་བར་ གཏང་ནི་ཨིན་པས།
སྨན་གཡོག་སྦྱོང་བརྡར་འབད་བར་འགྱོ་ནི་ཨིན་མི་སློབ་ཕྲུག་ཚུ།


དེ་དང་གཅིག་ཁར་ འཆར་གཞི་༡༠ པའི་ སྨན་གཡོག་སྦྱོང་བརྡར་གྱི་ དམིགས་དོན་དེ་ཡང་ འགྲུབ་ཨིན་པས།
དེ་བཟུམ་སྦེ་ ན་ཧིང་ སློབ་ཕྲུག་༡༠༠ རྒྱ་གར་ལུ་ སྨན་གཡོག་སྦྱོང་བརྡར་འབད་བར་ བཏང་ཡོད་མིའི་གུ་ གསོ་བའི་ལྷན་ཁག་གིས་ སློབ་ཕྲུག་༢༣༢ ལུ་སྦྱོང་བརྡར་བྱིན་ཡོད་མི་ཚུ་རྩིསཝ་ད་ འཆར་གཞི་༡༠ པའི་རིང་ རྒྱལ་ཁབ་ནང་ སློབ་ཕྲུག་༥༠༠ ལུ་ སྨན་གཡོག་གི་ སྦྱོང་བརྡར་བྱིན་ནིའི་ དམིགས་གཏད་བསྐྱེད་མི་དེ་ གྲུབ་ཨིན་པས།
རྒྱལ་ཡོངས་མི་སྟོབས་གོང་འཕེལ་སྙན་ཞུ་༢༠༡༡ ཅན་མ་ནང་ གསལ་བཀོད་འབད་མི་དང་ འཁྲིལ་བ་ཅིན་ འབྲུག་ལུ་ ད་རེས་ཀྱི་གནས་སྟངས་ནང་ སྨན་གཡོགམ་དང་ སྨན་གཡོགཔ་༢༠༠༠ དེ་ཅིག་ དགོཔ་ཡོདཔ་ཨིན་པས།
རྒྱ་གར་ལུ་ སྨན་གཡོག་ སློབ་སྦྱོང་གི་དོན་ལུ་ གདམ་འཐུ་གྲུབ་ཡོད་མི་ གཞལམ་སྒང་ལས་ སྐྱེས་ལོ་༢༡ འབད་མི་ ཚེ་རིང་ལྷ་མོ་གིས་ སླབ་མིའི་ནང་ མོ་གིས་ སྦྱོང་བརྡར་ལེགས་ཤོམ་སྦེ་ འབད་ཞིནམ་ལས་ སོ་ནམ་ཞིང་པ་ཨིན་མི་ མོ་རའི་ཕམ་དང་ དེ་ལས་ མི་སེར་གཞན་ཚུ་ལུ་ ཕན་ཐོགས་ཚུགསཔ་འབད་ནི་གི་ རེ་བ་སྦོམ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ བཀྲིས་གཡང་རྩེ་ལས་ ནོར་བུ་གིས་འབད་བ་ཅིན་ ཁོ་གིས་༌སྨན་གཡོག་པའི་ སྦྱོང་བརྡར་གྱི་དོན་ལུ་ གོ་སྐབས་ལེན་མི་དེ་ཡང་ གཙོ་བོ་ར་ ཁོ་རའི་གཡུས་ཁར་ སྨན་གཡོགམོ་མ་ལང་པའི་ དཀའ་ངལ་ཡོད་མི་ལུ་བརྟེན་ཨིནམ་ད་ སྦྱོང་བརྡར་མཇུག་བསྡུ་བའི་ཤུལ་ལས་ ཐིམ་ཕུ་ལུ་མེན་པར་ ཁོ་རའི་གཡུས་ཁར་སྦེ་ གཞུང་ལུ་ཕྱག་ཞུ་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
ལས་རིམ་དེ་གི་དོན་ལུ་ ལཱ་གཡོག་དང་ མི་སྟོབས་ལྷན་ཁག་གིས་ མ་དངུལ་ས་ཡ་༡༢༩.༥ དེ་ཅིག་ ཟད་འགྲོ་གཏང་ནི་ཨིན་རུང་ སྤྱི་ལོ་༢༠༡༢ དང་༢༠༡༣ གྱི་དོན་ལུ་ ཟད་འགྲོ་ཚུ་ རྒྱ་གར་གཞུང་གིས་ མ་དངུལ་གྲོགས་རམ་ འབད་ནི་ཨིན་པས།
འབྲུག་གི་སློབ་ཕྲུག་༡༦༨ པོ་དེ་ རྒྱ་གར་གྱི་ ལྷོ་ཕྱོགས་མངའ་སྡེའི་ནང་ མཐོ་རིམ་སློབ་གྲྭ་༥ དེ་ཅིག་ནང་ ཁ་གཏོར་ཐོག་ལས་ སློབ་སྦྱོང་འབད་ནི་ཨིན་རུང་ ཨམ་སྲུ་ཚུ་གི་གྲས་ལས་༣༥ ཅེ་ནཱའི་མངའ་སྡེ་ ཀོ་ཡེམ་བེ་ཊོར་ལུ་ ཀེ་ཇི་ཚན་རིག་དང་ གསོ་བའི་མཐོ་རིམ་སློབ་གྲྭ་ནང་དང་ གཞན་༡༡ བི་བིཀ་ནཱན་དྷ་ ཨམ་སྲུའི་ཤེས་རིག་ལྟེ་བའི་ནང་གཏང་ནི་ དེ་ལས་ ཕོ་སྐྱེས་༤༤ ཏཱ་མིལ་ན་ཌུ་ ཝི་ཇི་ སྨན་གཡོག་མཐོ་རིམ་སློབ་གྲྭའི་ནང་ གཏང་ནི་ཨིན་པས།
གཞན་ཚུ་ སྤྱི་ཟླ་༩ པའི་ནང་ བུཚ་༦༠ བེང་ལོར་ལུ་ གོ་ལོ་བཱལ་ སྨན་གཡོག་མཐོ་རིམ་སློབ་གྲྭའི་ནང་དང་ བུམོ་༡༨ ཨཱན་ད་ར་པར་དེཤ་ལུ་ ཝེན་ཀ་ཏེསི་བ་ར་ སྨན་གཡོག་སློབ་སྦྱོང་ཁང་ནང་ གཏང་ནི་ཨིན་པས།
ལས་གཡོག་ལྷན་ཁག་གིས་ གསོ་བའི་ལྷན་ཁག་དང་ མཉམ་འབྲེལ་ཐོག་ལས་ སྨན་བཟོ་ལས་བྱེདཔ་དང་ སྨན་གཡོག་སྦྱོང་བརྡར་ དེ་ལས་ རྒྱལ་ཁབ་ནང་ སྒེར་གྱི་སྨན་གཡོག་སྦྱོང་བརྡར་ལྟེ་བ་ཚུ་ གཞི་བཙུགས་འབད་ནི་ཨིན་པས།
ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ བཤད་མིའི་ནང་ སྦྱོང་བརྡར་དེ་གིས་ རྒྱལ་ཁབ་ནང་ ལཱ་གཡོག་གི་ གོ་སྐབས་ཐོབ་ནི་གིས་མ་ཚད་ རྒྱལ་སྤྱིའི་གནས་ཚད་ནང་ཡང་ གཡོག་གི་གོ་སྐབས་ ལེན་ཚུགས་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment