གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྟ་དང་ནོར་ཚུ་གིས་ ལྕམ་མཁར་ཁྲོམ་ ཁམས་ལོག་སི་སི་བཟོ་དོ་ཡོདཔ།

༡༦/༨/༢༠༡༢   ༉ དབུས་ཕྱོགས་རྫོང་ཁག་ བུམ་ཐང་དེ་ གནས་རྩ་ཅན་ཚུ་ཡོད་པའི་ ས་གནས་ཅིག་ཨིན་པའི་ཁར་ ལྟ་བཤལཔ་ལེ་ཤ་འོང་སའི་ རྫོང་ཁག་ཅིག་ཨིན་རུང་ ལྕམ་མཁར་ཁྲོམ་ཁར་ འགྱོ་མི་ཚུ་གིས་ ཨ་རྟག་ར་ སྒོ་ནོར་སེམས་ཅན་ རྟ་དང་ནོར་ཚུ་ མ་ཆད་པར་ ཁྲོམ་གྱི་ས་ཁོངས་ནང་ འཁྱམས་སྡོད་སར་ མཐོངམ་ཨིན་པས།
ནོར་དང་ སྣུམ་འཁོར་ཚུ་ སླ་བསྲེས་རྐྱབ་སྡོད་པའི་ བུམ་ཐང་ལྕམ་མཁར་ཁྲོམ།


ལྕམ་མཁར་ཁྲོམ་དེ་ མ་འོངས་པ་ལུ་ ཁྲོམ་སྡེ་ཀ་པའི་ནང་ ཚུད་ནི་གི་ འོས་འབབ་ཡོདཔ་ཨིན་རུང་ ད་ལྟོའི་ གནས་སྟངས་ལུ་བལྟ་བ་ཅིན་ ཁྲོམ་དེ་ནང་ སྒོ་ནོར་སེམས་ཅན་ཚུ་ འཁྱམས་སྡོད་སར་མཐོངམ་ད་ ཕྱིའི་ལྟ་བཤལཔ་དང་ རྫོང་ཁག་ནང་ བཤལ་བར་འོང་མི་ཚུ་གིས་ ལེགས་ཤོམ་ཅིག་ མི་མཐོང་དོ་ཡོདཔ་ཨིན་པས།
རྫོང་རབ་བསོད་ནམས་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལྕམ་མཁར་ཁྲོམ་གྱི་ འཆར་གཞི་ཨམ་དེ་ ད་ལྟོ་ བཟོ་བའི་བསྒང་ཡོདཔ་ལས་ སེམས་ཅན་དང་འབྲེལ་བའི་ ཁྲིམས་ལུགས་ག་ནི་ཡང་ ལག་ལེན་འཐབ་མ་ཚུགས་པར་ ཡོད་ཟེར་ཨིནམ་ད་ འཆར་གཞི་ཚུ་བཟོ་སྟེ་ ཁྲོམ་ཆགས་པའི་ཤུལ་ལས་ བཅའ་ཁྲིམས་ཚུ་བཟོ་ནི་གི་ འཆར་གཞི་ཡོདཔ་མ་གཏོགས་ ད་ལྟོའི་ གནས་སྟངས་ནང་ ག་ནི་ཡང་ འབད་ཐབས་མིན་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལྕམ་མཁར་ཁྲོམ་དེ་ གཡུས་ཚན་གྱི་ ཉེ་འདབས་ལུ་ཨིན་པའི་ཁར་ བུམ་ཐངཔ་ཚུ་གིས་ དང་ཕུ་ལས་ སེམས་ཅན་ཚུ་ ཉིན་ཚན་མེད་པར་ བཏང་བཞག་སྟེ་ རང་སོའི་ ལོ་ཐོག་ཡོད་མི་ཚུ་གིས་ སྲུང་སྐྱོབ་ཀྱི་དོན་ལུ་རཝ་རྐྱབ་སྲོལ་འདུག་ཟེར་ཨིན་པས།
ཁྲོམ་སྡེའི་འཐུས་མི་ ཀརྨ་ལེགས་ལྡན་གྱིས་ གནད་དོན་དེ་གི་སྐོར་ལས་ ད་ཚུན་གྱི་བར་ན་ རྫོང་ཁག་གི་ གནས་ཚད་ནང་ གྲོས་འཛོམས་འཚོགས་པའི་སྐབས་ལུ་ཡང་ ལོ་རྒྱུས་ག་ནི་ཡང་ མ་ཐོན་ཟེར་ཨིནམ་ད་ ཁྲིམས་ལུགས་ག་བཟུམ་ཅིག་ ཡོདཔ་ཨིན་ན་ ཁ་གསལ་མིན་འདུག་ཟེར་ཨིན་པས།
སྒོ་ནོར་སེམས་ཅན་ཚུ་ ཁྲོམ་ཁར་རྐྱངམ་གཅིག་མིན་པར་ ཁྲོམ་ལམ་བདའ་སྟེ་ ག་ཏེ་ཡང་ མཐོང་དོ་ཡོདཔ་ལས་ སྣུམ་འཁོར་བཏང་མི་ཚུ་ལུ་ཡང་ དཀའ་ངལ་བྱིན་དོ་ཡོདཔ་ཨིན་པས།
ཞི་གཡོགཔ་པདྨ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་ཟླཝ་ནང་ ལྕམ་མཁར་ཁྲོམ་ལས་ ལོག་སྟེ་ཁྱིམ་ནང་འགྱོ་བའི་སྐབས་ རྟ་སྡེ་ཚན་ཅིག་ ཧང་སྟོང་མར་ རྒྱུགས་འོང་མི་དང་ ཁ་ཐུག་རྐྱབ་ད་ རྟ་ཅིག་གིས་ ཁོ་གི་ སྣུམ་འཁོར་ཐོག་ཁར་ འཛེགས་འོང་སྟེ་ སྣུམ་འཁོར་གྱི་གདོང་ཁའི་ ཆ་ཤས་ཅིག་ མེདཔ་བཏང་སྟེ་ ལོག་བཅོ་དགོཔ་ཐལ་ཡི་ཟེར་ཨིན་པས།
སེམས་ཅན་ཚུ་ ཉིནམ་ཚན་མེད་པར་ བཏང་བཞག་མི་དེ་གིས་ སོ་ནམ་གྱི་ ལཱ་འབད་མི་ཚུ་ ཞིང་ག་ར་ རཝ་རྐྱབ་བཞག་དགོ་ནི་དེ་གིས་ སྟབས་མ་བདེཝ་བྱུང་དོ་ཡོདཔ་ཨིན་པས།
སྒོ་ནོར་སེམས་ཅན་ཚུ་ ཐང་བཏང་བཞག་ནིའི་ ལུགས་སྲོལ་དེ་ ཧེ་མ་ལས་ཡོདཔ་ལས་ སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ལུ་གནོདཔ་བཀལཝ་ད་ སྤྱིར་བཏང་ ག་ནི་ཡང་ མི་སླབ་དོ་ཡོད་རུང་ སེམས་ཅན་མེད་མི་ཚུ་ལུ་ ཁེ་རྒུད་མི་བཏུབ་དོ་ཡོདཔ་ཨིན་པས།
སྒོ་ནོར་སེམས་ཅན་མེད་པའི་ ཨམ་སྲུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲིམས་ལུགས་ཅིག་བཟོ་ཞིནམ་ལས་ སེམས་ཅན་ཚུ་ བདག་འཛིན་འབད་དགོཔ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁྲོམ་སྡེ་ནང་ སྡོད་མི་ཚུ་གིས་ཡང་ སེམས་ཅན་ཚུ་གིས་ ཁྲོམ་ཁར་འོང་སྟེ་ ཨ་བ་ག་ལྷོད་ བཏང་བཞག་མི་གིས་ ཁམས་ལོག་སི་སི་ བཟོ་བཞགཔ་ལས་ ཐབས་ལམ་ཅིག་ བཏོན་དགོཔ་འདུག་ཟེར་ བཤད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment