གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙོན་ཁྲིམས་ལོ་༥ ལྷགཔ་ཅིག་བཀལ་ཡོདཔ།

༡༦/༨/༢༠༡༢    ༉ སྐྱེས་ལོ་༥༧ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༡༥ ལང་མི་ ཁོ་རའི་བུམོ་ལུ་ དབང་བཙོང་འདོད་སྤྱོད་འབད་ནི་གི་ དཔའ་བཅམ་མི་ལུ་བརྟེན་ སྤྱི་ཟླ་༨ པའི་ཚེས་༡༤ ལུ་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༥ དང་ ཟླཝ་༡ བཀལ་ཡོད་པའི་ འཁྲུན་ཆོད་བཏོན་གནང་ཡི།


བྱ་ངན་དེ་ཡང་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༤ ལུ་ མོང་སྒར་ཁྲོམ་ལས་ ཀི་ལོ་མི་ཊར་༡ དེ་ཅིག་གི་ས་གནས་ ལྕང་ཤིང་པེག་ལུ་ ཁོང་ར་སྡོད་སའི་ ཁྱིམ་ནང་བྱུང་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་ ཉིནམ་དེ་ལུ་ར་ མོང་སྒར་ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
ཉེས་ཅན་ཕོ་སྐྱེས་དེ་གིས་ ཁོ་རའི་བུམོ་གི་ དོརམ་ཕུད་དེ་ མལ་ཆ་ནང་ གཅིག་ཁར་སྡོད་པའི་སྐབས་ དངོས་སུ་མཐོང་མི་ ཉམས་རྒུད་པའི་ ཨ་ཞེམོ་དེ་ ཁྱིམ་ནང་ལྷོདཔ་ལས་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
མོ་གིས་ དེ་འཕྲོ་ལས་ འགྲུལ་འཕྲིན་ནང་ མོ་རའི་ཨ་པ་དང་ ནུམོ་གི་ པར་བཏབ་སྟེ་ བཞག་ཡོདཔ་ད་ དེ་བསྒང་ ནུ་གཅུང་དེ་ ཁང་མིག་གཞན་ཅིག་ནང་ རྒྱང་མཐོང་ཊི་བི་ལྟ་སྟེ་ སྡོད་ཡོདཔ་ཨིན་པས།
འཁྲུན་ཆོད་ནང་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ གསོ་བའི་བརྟག་དཔྱད་སྙན་ཞུ་ནང་ ལུས་འབྲེལ་འབད་ཡོད་པའི་ རྟགས་མཚན་མེད་རུང་ བྱ་ངན་འབད་བའི་སྐབས་ ཉམས་རྒུད་པའི་ ཨ་ཞེམོ་གིས་ འགྲུལ་འཕྲིན་ནང་ པར་བཏབ་སྟེ་ བཞག་མི་དང་ བྱ་ངན་འབད་སའི་ ཁང་མིག་ནང་ ཁྲིམས་སྲུང་འགག་པ་ཚུ་གིས་ ཞིབ་དཔྱད་འབད་བའི་པར་ཚུ་ ཁྲིམས་འདུན་ལུ་ སྟོན་ཡོདཔ་ཨིན་པས།
གནས་སྟངས་ལུ་ལྟཝ་ད་ བྱ་ངན་དེ་ འབད་རུང་མ་འབད་རུང་ གྲ་སྒྲིག་འབད་ཡོདཔ་སྦེ་ བསམ་སྦྱོར་ལས་འདས་པའི་ མངོན་རྟགས་ཐོན་ཡོདཔ་ལས་ ཉེས་འགལ་ཁྲིམས་དེབ་དང་ འགལ་ཡོདཔ་མ་ཚད་ འབྲུག་གི་ཨ་ལུ་གཅེས་སྐྱོང་དང་ ཉེན་སྐྱོབ་བཅའ་ཁྲིམས་ལས་ཡང་ འགལ་སོ་ནི་དེ་གིས་ བཙོན་ཁྲིམས་ཕོག་ཡོདཔ་ཨིན་པས།
བྱ་ངན་དེ་ ཉིན་མའི་ཆུ་ཚོད་ ཕྱེད་དང་༡༢ དེ་ཅིག་ལུ་ བྱུང་ཡོདཔ་ད་ དེ་བསྒང་ བུམོ་དེ་གི་ ཨའི་དང་ མོང་སྒར་འབྲིང་རིམ་གོང་མའི་ནང་ དཔེ་ཆ་ལྷབ་པའི་བསྒང་ཡོད་མི་ སློབ་ཕྲུག་གི་ ཨ་ཞེམོ་དེ་ ཁྱིམ་ནང་མེད་རུང་ ཁོང་རའི་བུཚ་ དབང་པོ་ལུ་ ཐོ་ཕོག་མི་ཅིག་ཡོད་མི་དེ་ ཁང་མིག་གཞན་ཅིག་ནང་ རྒྱང་མཐོང་ཊི་བི་ ལྟ་སྟེ་སྡོད་ཡོདཔ་ད་ བྱ་ངན་གྱི་སྐོར་ལས་ ཨ་ཞེམོ་དེ་གིས་ དེ་འཕྲོ་ལས་ ཨའི་ལུ་ སླབ་ཡོདཔ་བཞིན་དུ་ ཨའི་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཉམས་རྒུདཔ་བུམོ་དེ་ དབང་པོ་ལུ་ ཐོ་ཕོག་མི་ཅིག་ཨིནམ་ལས་ ཁ་སླབ་མ་ཤེས་པའི་ཁར་ ལམ་འགྱོ་མ་ཚུགས་མི་ཅིག་ཨིནམ་ད་ ཐ་ན་ ཆབ་གསང་ཡང་ འབད་མ་ཤེས་མི་ཅིག་ཨིན་པས།
ཉམས་རྒུད་པའི་ཨའི་དེ་ མོང་སྒར་དགྲ་མེད་རྩེ་ ན་རང་དང་ ཕོ་སྐྱེས་དེ་ བཀྲིས་སྒང་ཕོངས་མེད་ལས་ཨིན་པས།
ཕོ་སྐྱེས་དེ་ གཡོག་ནང་ལས་ སྒྲིག་ལོ་ཚང་སྟེ་ ད་རེས་ནངས་པ་ ལྕང་ཤིང་པེག་ལུ་ སྦ་སྒོར་ཅིག་ རྐྱབ་ཡོད་མིའི་ནང་ སྡོད་དོ་ཡོདཔ་ཨིན་པས།
རྩོད་དོན་དེ་གི་སྐོར་ལས་ ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དང་འཁྲིལ་ཏེ་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ མཐོ་གཏུགས་འབད་ཆོག་ནི་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment