གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡུས་མི་ཚུ་ གཞིས་གསར་ནང་ འགྱོ་ནི་ལུ་ དང་འདོད་མེདཔ།

༡༦/༨/༢༠༡༢   ༉ པདྨ་དགའ་ཚལ་ ངང་ལམ་རྒེད་འོག་ལྟེ་བ་ལས་ ཉིནམ་༡ དེ་ཅིག་ ལམ་འགྱོ་དགོ་པའི་ས་གནས་ གཡང་མ་ལ་སིང་དེ་ རྫོང་ཁག་གི་ སྤྱི་འོག་མཐའ་ཟུར་ཅིག་ཨིནམ་ད་ སྤྱི་འོག་དེ་ ནགས་ཚལ་གྱི་སྦུག་ལུ་དང་ རི་གཟར་དྲགས་ཅིག་གུ་ ཆགས་ཏེ་ཡོདཔ་ཨིན་པས།
སྤྱི་ལོ་༡༩༩༨ ལུ་ཆད་པའི་ ས་རུད་ཀྱི་མཐོང་སྣང་།
གཡང་མ་ལ་སིང་གཡུས་ཚན་ནང་གི་ ཚལ་ལུ་ཤིང་ཚུ།


སྤྱི་འོག་དེ་ནང་གི་ ཁྱིམ་ཚུ་ཡང་ ཚལ་མ་ནང་གི་ ངང་ལག་ཤིང་དང་ ཚལ་ལུའི་ལྡུམ་ར་ཚུ་གིས་ མཐའ་བསྐོར་ཏེ་ཡོདཔ་ལས་ རྒེད་འོག་ཡིག་ཚང་གི་ ས་ཁོངས་ནང་ལས་ལྟཝ་ད་ གཡུས་ཚན་གཞན་ཚུ་ཡོད་པའི་ མཐོང་གསལ་མི་བྱུང་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གཡུས་ཚན་དེ་ནང་གི་ ཁྱིམ་ཚུ་ཡང་ ཁྱིམ་གཅིག་ལས་གཅིག་ནང་ དུས་ཡུན་ཆུ་ཚོད་ཕྱེད་དེ་རེ་ ལམ་འགྱོ་དགོ་པའི་ ས་ཁར་ལས་ཕར་ རྐྱབ་སྟེ་ཡོདཔ་ཨིན་པས།
དེ་འབདཝ་ལས་ གཡུས་ཚན་དེ་ནང་ འགྱོ་མི་ཚུ་ གྱེན་ལམ་འཛེགས་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་རུང་ ལམ་བདའ་སྟེ་ སྐྱེ་ཤིང་ཚུ་གི་དྲིམ་ཚུ་ ག་ནི་བ་ ཞིམ་ཏོག་ཏོ་སྦེ་ མནམ་དོ་ཡོདཔ་ལས་ ངལ་འཚོའི་ར་འགྱོཝ་ད་ སྤྲོ་བ་སྦོམ་བྱུངམ་ཨིན་པས།
སྤྱི་འོག་དེ་ནང་གི་ གཡུས་མི་ཚུ་གིས་ འོང་འབབ་གཙོ་བོ་ར་ ཚལ་ལུའི་ཚོང་འབྲེལ་དེ་ཨིནམ་ད་ བཟའ་སྤྱོད་ཀྱི་དོན་ལུ་ ལོ་ཐོག་གེ་ཟ་ཚུ་ རྒྱ་ཆེ་དྲགས་སྦེ་ འཛུགས་སྐྱོང་འབདཝ་ཨིན་པས།
ཨིན་རུང་ སྤྱི་ལོ་༡༩༩༨ ལུ་ ས་རུད་སྦོམ་ཅིག་ ཆད་མི་ལུ་བརྟེན་ གཡུས་ཚན་གྱི་ ས་ཁོངས་ཆ་ཤས་ཅིག་ ཕྱགས་བདའ་བའི་ཁར་ ཁྱིམ་༣ དེ་ཅིག་ སའི་འོག་ལུ་ ཚུད་ཡོདཔ་མ་ཚད་ ཚལ་ལུའི་ལྡུམ་ར་དང་ གེ་ཟའི་ཞིང་ ཨེ་ཀར་༢༠ དེ་ཅིག་ལུ་ཡང་ གནོད་སྐྱོན་ བྱུང་ཡོདཔ་ཨིན་པས།
མ་གཞི་ སྤྱི་ལོ་༡༩༩༨ ཀྱི་ཧེ་མ་ཡང་ ས་རུད་ཚུ་ ཆད་ཡོདཔ་ཨིན་རུང་ དེ་བཟུམ་མའི་ ས་རུད་སྦོམ་མ་ཆད་ཟེར་ གཡུས་མི་ཚུ་གིས་ བཤད་ཡོདཔ་ད་ ས་རུད་ཆད་མི་ལུ་བརྟེན་ སྤྱི་འོག་གི་ ཁྱིམ་གུང་༤༤ དེ་ཅིག་ཡོད་མི་ཚུ་གི་དོན་ལུ་ གཞིས་གསར་གྱི་ འཆར་གཞི་ཡང་ བརྩམས་ཡོདཔ་ཨིན་པས།
ན་ཧིང་ མོང་སྒར་རྒྱལ་པོའི་གཟིམ་དཔོན་ཡིག་ཚང་དང་ ངང་ལམ་དྲུང་ཁག་གི་ སྐྱིད་སྡུག་འགོ་དཔོན་ དེ་ལས་ རྒེད་འོག་འགོ་དཔོན་ཚུ་གིས་ ས་གནས་ཀྱི་ མི་སེར་ཚུ་དང་ཕྱད་དེ་ གྲོས་བསྡུར་འབདཝ་ད་ མི་སེར་ཚུ་གིས་ གཞིས་གསར་ནང་ འགྱོ་ནི་སྦེ་ ཁ་བཟེད་ཡོདཔ་ཨིན་པས།
དེ་བསྒང་ མི་སེར་ཚུ་ལུ་ ས་ཆའི་གདམ་ཁ་ ཁག་༤ དེ་ཅིག་ བྱིན་མི་ཚུ་ཡང་ པདྨ་དགའ་ཚལ་དུག་རུང་རི་དང་ གདུང་མིན་རྒེད་འོག་ དེ་ལས་ དགེ་ལེགས་ཕུག་ལུ་ ཏ་རི་ཐང་དང་ ངང་ལམ་དྲུང་ཁག་ ཏཱན་ཟེ་མ་དང་ ཀེ་རོང་ཚུ་ཨིན་པས།
ཨིན་རུང་ ཤུལ་ལས་ གཡུས་མི་ཚུ་གིས་ རྒེད་འོག་ཡིག་ཚང་ནང་སོང་སྟེ་ ཁོང་གི་ འོང་འབབ་གཙོ་ཅན་ཅིག་ཨིན་མི་ ཚལ་ལུའི་ལྡུམ་ར་ཚུ་ བཀོ་བཞག་སྟེ་ གཞིས་གསར་ནང་ མི་འགྱོ་ཟེར་ སླབ་ཡོདཔ་ཨིན་པས།
གཞིས་གསར་གྱི་གྲངས་སུ་ཚུད་མི་ སྐྱེས་ལོ་༢༤ ལང་མི་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་ ཁོང་ཆ་ཁྱབ་ གཞིས་སར་ནང་ འགྱོ་དགོཔ་སྦེ་སླབ་ད་ ད་ལྟོ་ཡོད་མི་ ཁོང་རའི་ ཚལ་ལུ་ལྡུམ་ར་ཚུ་ནང་ལས་ ཤིང་འབྲས་ཚུ་ཡང་ ཚོང་འབྲེལ་འཐབ་ཆོགཔ་སྦེ་ སླབ་ཡོདཔ་ཨིན་རུང་ ད་རེས་འབད་བའི་བསྒང་ལས་ འབད་མ་ཆོགཔ་སྦེ་ སླབ་མས་ཟེར་ཨིན་པས།
ཁོ་གིས་ ཨ་རྟག་འབད་བ་ཅིན་ ཚལ་ལུ་ཚུ་བཙོང་ཐོག་ལས་ ལོ་རེ་ལུ་ འོང་འབབ་དངུལ་ཀྲམ་༤༠༠,༠༠༠ རེ་ བཟོ་ཚུགས་དོ་ཡོདཔ་ཨིན་པས།
དེ་བཟུམ་མའི་ འོང་འབབ་ཀྱི་ཐོན་ཁུངས་ གཞི་ཚུད་ཚར་མི་ཚུ་ རྒྱབ་ཁར་བཀོ་བཞག་སྟེ་ ད་རུང་ གཞིས་གསར་ནང་ མི་ཚེ་གསརཔ་ རྩ་ལས་ར་ བཙུགས་མི་ཚུགས་ཟེར་ སངས་རྒྱས་རྡོ་རྗེ་གིས་ སླབ་ཨིན་མས།
སྐྱེས་ལོ་༤༨ ལང་མི་ སངས་རྒྱས་ཀྱིས་འབད་བ་ཅིན་ ཁོང་གི་ གཡུས་ཚན་ནང་ འཁོར་ལམ་མེད་རུང་ ཚལ་ལུའི་ཚོང་འབྲེལ་ལུ་བརྟེན་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༢༠༠,༠༠༠ དེ་རེ་ བཟོ་ཚུགས་དོ་ཡོདཔ་ལས་ དེ་ཚུ་ འཕྲལ་དང་འཕྲལ་ལུ་ བཀོ་བཞག་སྟེ་ འགྱོ་མི་ཚུགས་ཟེར་ཨིན་པས།
གཡང་མ་ལ་སིང་ལུ་ ས་རུད་ཀྱིས་ གནོད་སྐྱོན་བྱུང་མི་ ཁྱིམ་གུང་༣ འབད་མི་དེ་མ་གཏོགས་ གཞན་ཁྱིམ་གུང་རེའི་ནང་ ཚལ་ལུ་ཤིང་༢༠༠ རེ་ལས་ མ་ཉུངམ་སྦེ་ཡོདཔ་ཨིན་པས།
ཨ་ལུ་༤ གི་ ཨ་པ་ཅིག་གིས་འབད་བ་ཅིན་ ཁོང་ཆ་ཁྱབ་ གཞིས་གསར་ནང་ གཏང་ནི་ཨིན་མི་ ས་གནས་ཚུ་གི་གྲས་ལས་༡ ས་བཅུད་མེད་པའི་ཁར་ གཞན་མི་དེ་ནང་ ས་ཆ་ལངམ་མེདཔ་ དེ་ལས་ གཞན་ཚུ་ རྫོང་ཁག་སོ་སོའི་ནང་འབད་ནི་དེ་གིས་ འགྱོ་དགོ་མ་མནོཝ་ད་ ད་ལྟོ་གི་ ཁོང་གི་ས་ཆ་ཚུ་ནང་ ལོ་ཐོག་ཚུ་ལས་འགོ་བཙུགས་ ཚོད་བསྲེ་གི་རིགས་ཚུ་ཡང་ ལེགས་ཤོམ་སྦེ་ སྐྱེས་བཏུབ་ཟེར་ཨིན་པས།
ས་ཆ་ཚུ་ ས་རུད་ཀྱིས་ གཡེབ་ཡོད་མི་ ཀུན་བཟང་ཚེ་རིང་གིས་ སླབ་མིའི་ནང་ ཁོ་ལུ་ གཡུས་ཚན་ནང་ ས་ཆ་ཟེརཝ་ ཏོག་ལེབ་གང་ཡང་མེདཔ་ལས་ གཞུང་གིས་ གཞིས་གསར་ཚུ་ ག་ཏེ་གནང་རུང་ བཏུབ་ཟེར་ཨིན་པས།
བདེ་ཆེན་གླིང་རྒེད་འོག་གི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གཡང་མ་ལ་སིང་སྤྱི་འོག་གི་ གཡུས་མི་མང་ཤོས་ཅིག་ གཞིས་གསར་ནང་ འགྱོ་ནི་གི་ དང་འདོད་མེདཔ་ལས་ ད་ལས་ཕར་ སྤྱི་འོག་ནང་ གོང་འཕེལ་གྱི་ འཆར་གཞི་བརྩམ་ནི་ལུ་ཡང་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
བདེ་ཆེན་གླིང་གི་རྒཔོ་ རིན་ཆེན་གྱིས་འབད་བ་ཅིན་ གཡུས་མི་ཚུ་གི་ ཧོངས་ལས་འབད་བ་ཅིན་ ཁོང་རའི་ ད་ལྟོ་ཡོད་མི་ ཤིང་འབྲས་ལྡུམ་ར་ཚུ་དང་གཅིག་ཁར་ གཞིས་གསར་ཡང་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ གཡང་མ་ལ་སིང་སྤྱི་འོག་དེ་ ས་རུད་ཀྱི་ཉེན་ཁ་ཡོད་པའི་ ས་ཁོངས་ཅིག་འབད་ནི་དེ་གིས་ འོས་འབབ་མིན་འདུག་ཟེར་ཨིན་པས།
ཨིན་རུང་ གཡུས་མི་ཚུ་ གཞིས་གསར་ནང་ གཏང་ནི་ཨིན་མེན་དང་ ཡང་ཅིན་ ནམ་གཏང་ནི་ཨིན་ནའི་་སྐོར་ལས་ གཏན་འཁེལ་མེདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment