གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མ་བདེན་པའི་འཐོར་གཏམ་ ཁྱབ་སྤེལ་སོང་ཡོདཔ།

༡༨/༨/༢༠༡༢   ༉ ད་རེས་ཁམས་ རྒྱ་གར་གྱི་ས་གནས་ བེང་ག་ལོར་ལུ་ དཔེ་ཆ་ལྷབ་མི་ འབྲུག་པའི་སློབ་ཕྲུག་ཚུ་ ས་གནས་ནང་ ངོ་རྒོལ་འཐོན་ནི་ཨིན་ཟེར་བའི་ མ་བདེན་པའི་འཐོར་གཏམ་ གོ་མི་ལུ་བརྟེན་ འུར་བྱེལ་འཐབ་དགོཔ་ ཐོན་ཡོདཔ་ཨིན་རུང་ ད་རེས་ དབང་འཛིན་ཚུ་གིས་ ལོ་རྒྱུས་དེ་ མི་བདེན་ཟེར་ སླབ་པའི་ཤུལ་ལུ་ ཁ་ཙ་ ཉིན་མ་ལས་ བློ་བག་ཕེབས་བྱུང་ཡོདཔ་ཨིན་པས།


འུར་བྱེལ་འཐབ་དགོ་མི་དེ་ཡང་ ད་རེས་ཁམས་ ཨ་སཱམ་མངའ་སྡེ་ནང་ མཱུསི་ལིམ་དང་ བཱོ་དོ་ཚུ་གི་བར་ན་ བྲེལ་ཟིང་ཅིག་ ཐོན་མི་དང་འཁྲིལ་ བེང་ག་ལོར་ལུ་ཡོད་མི་ འབྲུག་མི་དང་ཆ་འདྲ་བའི་ རྒྱ་གར་གྱི་ བྱང་ཤར་གྱི་མི་ཚུ་ལུ་ མཱུསི་ལིམ་ཚུ་གིས་ གནོད་སྐྱོན་རྐྱབ་ནི་ལུ་ དམིགས་གཏད་བསྐྱེད་དོ་ཡོདཔ་སྦེ་ གོ་མི་ལུ་བརྟེན་ཏེ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༡༦ ལུ་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ཡིག་ཚང་དང་ ཤེས་རིག་ལྷན་ཁག་གི་ ན་ལོན་ཆེ་རིམ་ཤེས་ཡོན་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་མ་ཚད་ ཁ་ཙ་ ནང་སྲིད་ལྷན་ཁག་འོག་གི་ བཀའ་ཁྲིམས་ལས་སྡེའི་ འགོ་དཔོན་ཚུ་གིས་ཡང་ འབྲུག་པའི་སློབ་ཕྲུག་ཚོགས་སྡེ་ཚུ་ལུ་ བརྒྱུད་འཕྲིན་ཐོག་ལས་ དེ་བཟུམ་མའི་ ཉེན་ཁ་ཚུ་མེདཔ་སྦེ་ སླབ་ཡོདཔ་ཨིན་པས།
དེ་མ་ཚད་ འབྲུག་པའི་སློབ་ཕྲུག་ཚུ་གིས་ཡང་ བེང་ག་ལོར་གྱི་ ཁྲིམས་སྲུང་འགོ་དཔོན་ཚུ་དང་ཕྱད་ཡོདཔ་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་ཡང་ ཁོང་ལུ་ ཉེན་ཁ་མེདཔ་སྦེ་ སླབ་ཡོདཔ་ཨིན་པས།
བཀའ་ཁྲིམས་ལས་སྡེའི་མདོ་ཆེན་ ཀརྨ་ཚེ་རིང་རྣམ་རྒྱལ་གྱིས་འབད་བ་ཅིན་ ཁོང་གིས་ རྒྱ་གར་ལུ་ཡོད་པའི་ འབྲུག་གི་གཞུང་ཚབ་ཡིག་ཚང་ལུ་ཡང་ སྙན་ཞུ་འབད་ཡོདཔ་མ་ཚད་ འབྲུག་གི་ཕྱི་འབྲེལ་ལྷན་ཁག་ལུ་ཡང་ ཡི་གུ་བཏང་ཡི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཁོང་གིས་ བརྒྱུད་འཕྲིན་ཐོག་ལས་ གཞུང་ཚབ་ཡིག་ཚང་གི་ གྲོས་སྟོན་པ་དང་ འབྲེལ་བ་འཐབ་ཡོདཔ་ཨིན་རུང་ འབྲུག་པའི་སློབ་ཕྲུག་ཚུ་ལུ་ ཉེན་ཁ་ག་ཅི་ཡང་ མི་བྱུང་ཟེར་སླབ་ཡོདཔ་མ་ཚད་ བེང་ག་ལོར་དང་ པུ་ནེ་ལུ་ཡོད་པའི་ འབྲུག་པའི་སློབ་ཕྲུག་ཚོགས་སྡེའི་ ཁྲི་འཛིན་ཚུ་གི་ འགྲུལ་འཕྲིན་ཨང་གྲངས་ཚུ་ཡང་ སྤྲོད་ཅི་ཟེར་ཨིན་པས།
ཀརྨ་ཚེ་རིང་རྣམ་རྒྱལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ འབྲུག་པའི་གཞུང་ཚབ་ཡིག་ཚང་གིས་ཡང་ རྒྱ་གར་གཞུང་ལུ་ སྙན་ཞུ་འབད་འོང་ཟེར་ སླབ་ཡོདཔ་མ་ཚད་ འཐོར་གཏམ་དེ་ བདེན་པ་མེད་པའི་སྐོར་ལས་ སླབ་དེས་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་ བེང་ག་ལོར་ འབྲུག་པའི་སློབ་ཕྲུག་ཚོགས་སྡེའི་ཁྲི་འཛིན་དང་ འབྲེལ་བ་འཐབ་པའི་སྐབས་ ཁོ་གིས་ ད་ལྟོའི་གནས་སྟངས་ནང་ ལོ་རྒྱུས་དེ་ བདེན་མ་བདེན་གྱི་སྐོར་ལས་ ངེས་བདེན་སླབ་མི་ཚུགས་ཟེར་ཨིནམ་ད་ ད་ལྟོ་ཚུན་ དེ་བཟུམ་མའི་ རྐྱེན་ངན་ཚུ་ ག་ཅི་ཡང་མ་བྱུང་རུང་ ད་ལས་ཕར་ རིགཔ་བསྒྱིམ་སྟེ་ སྡོད་དགོཔ་སྦེ་ སླབ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ད་རེས་ཁམས་ ཕམ་ལ་ལུ་ཅིག་གིས་ རང་སོའི་ཨ་ལུ་ཚུ་ འབྲུག་ལུ་ ལོག་འོང་དགོཔ་སྦེ་ སླབ་ཡོདཔ་བཞིན་དུ་ ལས་སྡེ་གིས་ ཕམ་ཚུ་དང་ཡང་ འབྲེལ་བ་འཐབ་ནིའི་དོན་ལུ་ འགྲུལ་འཕྲིན་ཨང་གྲངས་ཚུ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ མདོ་ཆེན་གྱིས་སླབ་ཅི།
བེང་ག་ལོར་ འབྲུག་པའི་སློབ་ཕྲུག་ཚོགས་སྡེའི་ཁྲི་འཛིན་ པདྨ་རྡོ་རྗེ་གིས་འབད་བ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ སློབ་གྲྭའི་ས་ཁོངས་ཚུ་ནང་ སྲུང་རྒྱབ་ཉུང་ཤོས་༢ རེ་ བཙུགས་ཡོད་མི་ཚུ་གིས་ ལྟ་རྟོག་འབད་བཞིན་དུ་ཡོད་ཟེར་ཨིན་པས།
བེང་ག་ལོར་ འབྲུག་པའི་སློབ་ཕྲུག་ཚོགས་སྡེའི་ནང་ མཐོ་རིམ་སློབ་གྲྭ་༢༧ ལས་ སློབ་ཕྲུག་༥༣༤ ཐོ་བཀོད་འབད་ཡོདཔ་མ་ཚད་ ད་རེས་ནངས་པ་ མཐོ་རིམ་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་ཀྱི་དོན་ལུ་སོང་མི་ སློབ་ཕྲུག་ལེ་ཤ་ཅིག་ ཡོདཔ་ཨིན་པས།
ཁྲི་འཛིན་གྱིས་ སླབ་མིའི་ནང་ ཨིན་ཌོ་ནི་ཤི་ཡ་མཐོ་རིམ་སློབ་གྲྭ་དང་ ཨ་ཅ་རི་ཡ་ མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཚུ་ སྤྱི་ཟླ་༨ པའི་ཚེས་༢༤ ཚུན་ ངལ་གསོ་བྱིན་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment